ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གི་ཞི་བདེའི་སྲིད་ཇུས་ཀྱིས་རྒྱལ་སྤྱིའི་བརྟན་ལྷིང་མེད་པར་གཏོང་སྲིད།


ཤི་ཅིན་ཕིན་གྱིས་ཨ་རབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་མཉམ་དུ།
ཤི་ཅིན་ཕིན་གྱིས་ཨ་རབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་མཉམ་དུ།

༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་ཆབ་སྲིད་ནི་ཁྲག་སྦྱོར་མེད་པའི་དམག་འཁྲུག་ཅིག་རེད། དམག་འཁྲུག་ནི་ཁྲག་སྦྱོར་གྱི་ཆབ་སྲིད་ཅིག་རེད་ཅེས་བཤད་མྱོང་ཞིང་། ཕྱི་ཟླ་༨་པའི་ཚེས་༡༤་ཉིན་ཉི་ཧོང་གི་ཎི་ཀེ་ཨེ་ཤི་ཡ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གལ་སྲིད་དམག་འཁྲུག་དེ་ཆབ་སྲིད་ཀྱི་རིགས་ཤིག་ཡིན་ན་དམག་འཁྲུག་མཇུག་སྒྲིལ་གྱི་འབད་བརྩོན་ཡང་ཆབ་སྲིད་ཀྱི་རིགས་སུ་གཏོགས་དགོས། རྒྱ་ནག་གིས་ཡུཀ་རེན་དང་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་མཇུག་སྒྲིལ་ཐུབ་ཐབས་བྱེད་ཀྱི་ཡོད་པར་ལྐོག་ཏུ་དམིགས་ཡུལ་གཞན་ཞིག་ཡོད་པ་བརྗོད་ཅི་དགོས། ཁྱད་པར་དུ་རྒྱ་ནག་གིས་དཀྱིལ་ཤར་ས་ཁུལ་ལ་ཞི་བདེ་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་སྟེ། པ་ལི་སི་ཐན་གྱི་ཤོག་ཁག་༡༤་པེ་ཅིང་དུ་མགྲོན་འབོད་བྱས་ནས་ཉིན་༣་ལ་གྲོས་མོལ་བྱེད་དུ་བཅུག ཟླ་བ་སྔོན་མའི་ཚེས་༢༣་ཉིན་པ་ལི་སི་ཐན་གྱི་ཤོག་ཁག་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞེས་པེ་ཅིང་གི་སྤྱི་བསྒྲགས་སྤེལ།།

ཉི་ཧོང་གི་ཀྲོག་ཀིའོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤིན་ཀ་ཝ་ཤཱི་མས་
ཉི་ཧོང་གི་ཀྲོག་ཀིའོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤིན་ཀ་ཝ་ཤཱི་མས་

༢༠༢༣་ལོའི་ཕྱི་ཟླ་༣་པའི་ནང་རྒྱ་ནག་གིས་དཀྱིལ་ཤར་ས་ཁུལ་དུ་དགྲ་ཁ་གཏད་ལ་གྱུར་ཡོད་པའི་ཨི་རན་དང་སོ་ཌི་ཨ་རེ་བྷི་ཡ་གཉིས་ལ་བར་འདུམ་བྱས་ནས་ཕྱི་འབྲེལ་ཚུགས། དཀྱིལ་ཤར་ས་ཁུལ་གྱི་ཕྱི་འབྲེལ་མི་སྣ་ཚོས་དོན་དངོས་སུ་ཨི་རག་དང་ཨོ་མན་གཉིས་ཀྱིས་བར་འདུམ་གཙོ་བྱས་ནས་ཨི་རན་དང་སོ་ཌི་ཨ་རེ་བྷི་ཡ་གཉིས་འབྲེལ་བ་མཐུད་ཀྱང་ངོ་སོ་དེ་རྒྱ་ནག་གི་ཁྱེར་སོང་ཟེར། ཉི་ཧོང་གི་ཀྲོག་ཀིའོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤིན་ཀ་ཝ་ཤཱི་མས་(Shin Kawashima)་རྒྱ་ནག་གི་ཞི་བདེའི་སྲིད་ཇུས་ཀྱིས་འཁྲུག་རྩོད་ཞི་འཇམ་གཏོང་ཐུབ་ན་འཛམ་གླིང་ཞི་བདེར་ཕན་ཐོགས་ཆེ། འཁྲུག་རྩོད་མཇུག་སྒྲིལ་བའི་ཐབས་ལམ་དེར་འགོག་རྐྱེན་སློང་གི་ཡོད་ན་ཕན་ཐོགས་མེད། ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་རྒྱ་ནག་གི་ཞི་བདེའི་སྲིད་ཇུས་ལ་ཁེ་ཕན་ལས་ཀྱང་གནོད་ཚབས་ཆེ་ཞིག་མཐོང་གི་འདུག རྒྱ་ནག་གི་ཀུན་སློང་ངོ་མ་ནི་ཨ་མི་རི་ཀར་ཁ་གཏད་གཅོག་རྒྱུ་དང་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་རེད་ཅེས་བསྟན།།

ཎི་ཀེ་ཨེ་ཤི་ཡ་གསར་ཁང་ནས་རྒྱ་ནག་གིས་དཀའ་ངལ་གྱི་འབྱུང་རྩ་སེལ་བའི་ཐབས་ལམ་མི་འཚོལ་བར་ཡུན་ཐུང་གི་གྲུབ་འབྲས་ཤིག་སྨིན་རྒྱུར་འབད། ཉེ་ཆར་རྒྱ་ནག་གིས་པ་ལི་སི་ཐན་གྱི་ཤོག་ཁག་དེ་ཚོ་པེ་ཅིང་དུ་བསྡུས་ནས་གྲོས་མོལ་བྱེད་དུ་བཅུག ན་ནིང་ཕྱི་ཟླ་༡༠་པའི་ནང་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་རྒོལ་རྡུང་བྱས་ནས་ཨ་མི་རི་ཀ་ཨི་སི་རལ་གྱི་རྒྱབ་རྩར་ལངས། སྲིད་འཛིབ་བྷ་ཌན་ལ་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཚོར་གྲོས་མོལ་བྱེད་པའི་འབྲེལ་ལམ་ངེས་ཅན་ཞིག་ལས་མེད། རྒྱ་ནག་གིས་ཧ་མ་སི་ཤོག་ཁག་ལ་ཆབ་སྲིད་ཀྱི་འབྲེལ་བ་ཚུགས་ཡོད་པ་དང་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་པ་སྟོན་ཐབས་སུ་འབུངས། རྒྱ་ནག་ལ་ངོ་མར་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་བསྐྲུན་འདོད་ཡོད་ན་ཧ་མ་སི་ཤོག་ཁག་མགྲོན་འབོད་བྱ་རྒྱུ་མེད། ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་འཚོ་གནས་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་ངོས་ལེན་བྱེད་ཀྱི་མེད་པ་རེད། ཧ་མ་སི་ཤོག་ཁག་གྲོས་མོལ་གྱི་ཁོངས་སུ་བཅུག་ན་ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་རྒྱུ་མངོན་དུ་འགྱུར་དཀའ་ཞེས་གསར་འགྱུར་སྤེལ།།

ཨི་ཇེབ་དང་འཇོར་ཌན་སོགས་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་ཨ་རབ་རྒྱལ་ཁབ་ཁག་གིས་ཧ་མ་སི་ཤོག་ཁག་གིས་དྲག་སྤྱོད་སྤེལ་གྱི་ཡོད་པ་དང་སྒྲིག་འཛུགས་དེ་ཉེན་ཁ་ཅན་ཞིག་ཏུ་བརྩིས། རྒྱ་ནག་གིས་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་བསྐྲུན་ཐབས་བྱ་རྒྱུའི་སྲིད་ཇུས་ལ་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན་སྲིད། ཨི་སི་རལ་གྱི་སིག་ནལ་ཞིབ་འཇུག་ཁང་རྩ་འཛུགས་པ་དང་སྤྱི་ཁྱབ་འགན་འཛིན་ཀ་རི་སི་ཝི་ཊས་(Carice Witte)་རྒྱ་ནག་གིས་དྲང་བདེན་གྱི་བར་འདུམ་ཞིག་མ་བྱས་པར་པ་གྷ་ཛའི་འཐབ་འཁྲུག་ལངས་ཡོད་པའི་གོ་སྐབས་བཟུང་ནས་རང་གི་ཁེ་ཕན་སྒྲུབ་ཀྱི་འདུག རྒྱ་ནག་གིས་པ་ལི་སི་ཐན་བ་ཚོར་ཨ་སྒོར་དུང་ཕྱུར་༡་རོགས་སྐྱོར་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་ཨ་རིས་ཨ་སྒོར་དུང་ཕྱུར་༡༥་སྤྲད་ཟིན་པ་རེད། རྒྱ་ནག་གིས་ཧ་མ་སི་ཤོག་ཁག་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ན་པ་ལི་སི་ཐན་གྱི་འགོ་ཁྲིད་ཚོའི་དབང་ཚད་བཅག་སྟེ་ཨ་རབ་རྒྱ་ཁབ་ཁག་གི་ཁེ་ཕན་ལ་གནོད། ཨི་སི་རལ་གྱིས་རྒྱ་ནག་དྲང་བདེན་གྱི་བར་འདུམ་པ་ཞིག་ལ་ངོས་ལེན་བྱེད་དཀའ་ཞེས་བཀྲལ།།

ཕྱི་ཟླ་༦་པའི་ཚེས་༢༤་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཀུ་ལེ་བྷ་གཉིས་ཐུག་འཕྲད་གྲོས་མོལ་བྱུང་།
ཕྱི་ཟླ་༦་པའི་ཚེས་༢༤་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཀུ་ལེ་བྷ་གཉིས་ཐུག་འཕྲད་གྲོས་མོལ་བྱུང་།

ཎི་ཀེ་ཨེ་ཤི་ཡ་གསར་ཁང་གིས་སླར་ཡང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་ཐུབ་ཐབས་སུ་བར་འདུམ་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུའི་ཉེན་ཁ་འདུག ཁ་སྔོན་ཕྱི་ཟླ་༥་པའི་ནང་རྒྱ་ནག་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གཉིས་ཀྱིས་ཞི་བའི་གྲོས་གཞི་དོན་ཚན་༦་བཏོན། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་(Wang Yi)་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཀུ་ལེ་བྷ་(Dmytro Kuleba)་གཉིས་ཐུག་འཕྲད་གྲོས་མོལ་བྱུང་། ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་ཐུབ་པར་རྒྱ་ནག་གིས་དོན་ཕན་ལྡན་པའི་འགན་འཁྲི་ལེན་ཆོག་ཅེས་ཁས་བླངས། དེ་ནི་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ལ་སྣེ་ལེན་བྱས་པ་ཐེངས་དང་པོ་ཡིན་ཞིང་། རྒྱ་ནག་གི་སྲིད་ཇུས་དེར་བསྔགས་བརྗོད་བྱེད་འོས་ཀྱང་བརྟན་དུ་གནས་པའི་ཞི་བདེ་ཞིག་མིན།།

ཐོག་མར་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་མེད་པར་མ་ཟད། རྒྱ་ནག་གིས་ར་ཤི་ཡར་གོ་གཉིས་ཆོད་ཀྱི་ཡོ་ཆས་བཙོངས་ནས་ལྐོག་ཏུ་དམག་འཁྲུག་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། གཉིས་པ་དེར་རྒྱ་ནག་གིས་བཏོན་པའི་གྲོས་གཞིའི་ནང་དུ་ར་ཤི་ཡའི་དམག་གིས་ཕྲོགས་ཟིན་པའི་ས་ཆ་རྣམས་ཡུཀ་རེན་གྱིས་བློས་གཏོང་དགོས་ཞེས་འཁོད། རྒྱ་ནག་གི་གྲོས་གཞི་དེར་ངོས་ལེན་བྱས་ན་ཕུ་ཊིན་སྔར་ལས་ལྷག་པའི་དཔའ་སྟོབས་རྒྱས་ཏེ་དམག་འཁྲུག་རྒྱ་སྐྱེད་གཏོང་མི་སྲིད་པ་མིན། ནུབ་ཆིངས་ཀྱི་མཐོ་རིམ་ལས་སྣེ་ཞིག་གིས་ར་ཤི་ཡར་ཁེ་སང་སྤྲད་ནས་དམག་འཁྲུག་མཚམས་འཇོག་བྱས་ཚེ། ཕུ་ཊིན་གྱིས་ཡུ་རོབ་དང་ནུབ་ཆིངས་ཀྱི་ཆིག་སྒྲིལ་ལ་གཏོར་བརླག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་ངེས་རེད་ཅེས་བཤད།།

རྒྱ་ནག་གི་ཞི་བདེའི་སྲིད་ཇུས་ལ་གྲུབ་འབྲས་ཐོན་རྒྱུ་མིན་པ་པེ་ཅིང་གི་དབང་འཛིན་པ་ཚོས་ཀྱང་ཤེས་གསལ་རེད། ཡིན་ནའང་ཨ་མི་རི་ཀར་ཁ་གཏད་གཅོག་པར་རྒྱ་ནག་ལ་ར་ཤི་ཡ་རྦད་དེ་ཕམ་ཉེས་གཏོང་དུ་འཇུག་འདོད་མེད་པས་རྒྱ་ནག་དྲང་བདེན་གྱི་བར་འདུམ་པ་ཞིག་ཏུ་འགྱུར་མ་ཐུབ་པར་ལུས། ནུབ་ཕྱོགས་རྒྱལ་ཁབ་ཁག་ཀྱང་དྲང་བདེན་གྱི་བར་འདུམ་ཞིག་མིན་རུང་ཨ་རི་དང་ཡུ་རོབ་ཀྱིས་མ་མཐའ་ཡང་ར་ཤི་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་གི་ཡོད་པ་རེད། རྒྱ་ནག་ངོ་མར་དྲང་བདེན་གྱི་བར་འདུམ་པ་ཞིག་ཏུ་འགྱུར་འདོད་ཡོད་ན་ར་ཤི་ཡས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་དགོས། ཡུཀ་རེན་ལ་བཙན་འཛུལ་བྱས་པ་རྒྱལ་སྤྱིའི་ཁྲིམས་དང་རྒྱབ་འགལ་ཡིན་པ་བཤད་ཕོད་དགོས་ཞེས་གསར་འགྱུར་སྤེལ་འདུག

༢༠༢༣་ལོའི་ཕྱི་ཟླ་༦་པའི་ཚེས་༢༡་ཉིན་ཨེཊ་ལན་ཊིཀ་ལྷན་ཚོགས་ཀྱིས་དཔྱད་བརྗོད་སྤེལ་བ་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ཨི་རན་དང་སོ་ཌི་ཨེ་རེ་བྷི་ཡ་གཉིས་ལ་བར་འདུམ་བྱས་ནས་ཕྱི་འབྲེལ་ཚུགས། ཡུཀ་རེན་གྱི་དམག་འཁྲུག་ལ་བར་འདུམ་བྱ་ཐབས་བྱེད་ཀྱི་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་ནི་གོ་ལའི་སྒྲིག་སྲོལ་ལ་འགྱུར་བ་གཏོང་རྒྱུ་དང་འཛམ་གླིང་འདིར་སྒྲིག་སྲོལ་གསར་པ་ཞིག་འཛུགས་རྒྱུའི་ཐབས་ཇུས་རེད། རྒྱ་ནག་གིས་འཇིག་རྟེན་ཀུན་ཁྱབ་ཀྱི་དམངས་གཙོའི་ལམ་སྲོལ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་རྩ་མེད་གཏོང་རྒྱུའི་ཚབ་ཏུ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་གཙིགས་འཛིན། རྒྱལ་ཁབ་ཁག་གིས་གཙིགས་སུ་འཛིན་པའི་ལྟ་གྲུབ་གོང་བཀུར་གྱི་སྲིད་ཇུས་ཤིག་ཁྱབ་སྤེལ་གཏོང་གི་འདུག མ་འོངས་པར་རྒྱ་ནག་གིས་འགོ་ཁྲིད་ནས་རྒྱལ་སྤྱིའི་བཙན་དབང་རིང་ལུགས་གྱི་སྲིད་གཞུང་རྣམས་པེ་ཅིང་གི་ཕྱོགས་སུ་བསྐྱོད། དེང་སྐབས་འཛམ་གླིང་འཛིན་སྐྱོང་གི་སྲོག་རྩར་གྱུར་ཡོད་པའི་སྐྱེ་བོ་སྒེར་གྱི་རང་དབང་དང་འགྲོ་བ་མའི་ཐོབ་ཐང་། དམངས་གཙོ་རྣམས་བདག་དབང་གི་དོན་དུ་རྡོག་བརྫིས་གཏོང་ས་རེད་ཅེས་གསར་འགྱུར་སྤེལ་འདུག

གླེང་སྟེགས།

XS
SM
MD
LG