ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིས་པ་ཎ་མ་གྲུ་ཡུར་གྱི་བདག་གཉེར་དབང་ཆ་བླངས་པ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་དམ།
གཟའ་ཉི་མ། ༢༠༢༥/༠༣/༡༦

ཨ་རིས་པ་ཎ་མ་གྲུ་ཡུར་གྱི་བདག་གཉེར་དབང་ཆ་བླངས་པ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་དམ།


ཨ་རིའི་གྲོས་ཚོགས་ཐོག་ཁང་གི་པར་ཞིག།
ཨ་རིའི་གྲོས་ཚོགས་ཐོག་ཁང་གི་པར་ཞིག།

བདུན་ཕྲག་གོང་མའི་ནང་། ཨ་རིའི་རྒྱུ་ནོར་བདག་ཚགས་བྱེད་མཁན་གྱི་ཁེ་ལས་ཆེ་ཤོས་བྷི་ལ་ཁི་རོ་ཁི་BlackRock ཚོགས་པས་ཧོང་ཀོང་གི་འབྱོར་ལྡན་པ་ལི་ཅཱ་ཁྲེང་གི་བདག་ཁོངས་ཁྲང་ཅང་དང་ཧི་ཆི་ཁེ་ལས་ཚོགས་པ་དང་མཉམ་དུ་ཚོང་གཉེར་གྲོས་མཐུན་བཞག་སྟེ། འཛམ་གླིང་གི་རྒྱལ་ཁབ་ཁག་༢༣ ནང་གི་གྲུ་ཁ་༤༣ ཉོ་སྒྲུབ་བྱས་ཤིང་། དེའི་ཁོངས་སུ་པ་ཎ་མ་གྲུ་ཡུར་གཞོགས་གཉིས་ཀྱི་བྷལ་བྷོ་ཨ་Balboa གྲུ་ཁ་དང་། ཁི་རི་སི་ཊོ་བྷལ་Cristóbal གྲུ་ཁ་གཉིས་ཀྱང་ཚུད་ཡོད་པ་དང་། ཉོ་ཚོང་དེ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཁོང་ལ་རྒྱ་ནག་གིས་པ་ཎ་མ་གྲུ་ཡུར་གྱི་བདག་གཉེར་ཐོག་ཤུགས་རྐྱེན་ཐེབས་པར་ཐུགས་འཚབ་ཡོད་པ་ཡང་ཡང་གསུངས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

ཆེད་མཁས་པ་ཚོས་ཉོ་ཚོང་གྱི་བྱེད་སྒོ་ཆེན་པོ་དེ་འདྲ་ཞིག་ལེགས་གྲུབ་བྱུང་བ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཨ་རིས་རྒྱ་ནག་ལ་འཛིན་པའི་སེམས་འཚབ་རེ་ཞིག་ཆུང་དུ་བཏང་བ་ཙམ་མ་ཟད། ཌོ་ནལ་ཊམ་གཞུང་འཛིན་གྱི་ཨ་རི་ཨང་དང་པོར་འཛིན་པའི་ཕྱི་འབྲེལ་གྱི་སྲིད་ཇུས་ལ་རྒྱལ་ཁ་ཐོབ་པ་ཞིག་ཀྱང་ཡིན་པ་རེད། ཉོ་ཚོང་འདི་ཉིད་ལས་བྱུང་བའི་ཤུགས་རྐྱེན་གྱི་རྒྱུ་ལ་བརྟེན་ནས་གོ་ལའི་ཁྱོན་ཡོངས་ཀྱི་མཚོ་ཐོག་གི་རྨང་གཞིའི་འཛུགས་སྐྲུན་ལ་བསྐྱར་འཛུགས་ལེགས་བཅོས་བྱ་སྲིད་པ་ཨ་ཅང་བརྗོད་མེད་ཐོག། ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འགྲན་རྩོད་ལའང་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་སྲིད་པ་རེད། དེ་དང་ཆབས་ཅིག་ཌོ་ནལ་ཊམ་གཞུང་འཛིན་གྱིས་མུ་མཐུད་ནས་སྒེར་གཉེར་ཁེ་ལས་ཁག་སྐུལ་སློང་བྱེད་བཞིན་པར་མཚོན་གྱི་ཡོད་པར་མ་ཟད། སྒེར་གཉེར་ཁེ་ལས་ཁག་དང་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་ཁ་ཚ་དགོས་གཏུགས་ཀྱི་ས་ཁམས་ཆབ་སྲིད་ཀྱི་དཀའ་རྙོག་ཁག་སེལ་ཐབས་བྱེད་བཞིན་པའང་མཚོན་གྱི་ཡོད་པ་རེད།

ལི་ཅཱ་ཁྲེང་གི་དུས་བསྟུན་ཐབས་མཁས་དང་ཨ་རི་ཨང་དང་པོར་འཛིན་པའི་སྲིད་ཇུས།

སྤྱི་ལོ་༢༠༢༥ ལོའི་ཟླ་བ་༣ པའི་ཚེས་༤ ཡི་ཉིན། སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་སྲིད་འཛིན་གྱི་ལས་དུས་ཐེངས་གཉིས་པའི་གྲོས་ཚོགས་གོང་འོག་གི་རྒྱས་འཛོམས་སར་གཏམ་བཤད་ཐེངས་དང་པོ་གནང་སྐབས། ངའི་སྲིད་གཞུང་གིས་པ་ཎ་མ་གྲུ་ཡུར་ཚུར་བླང་རྒྱུ་ཡིན། ང་ཚོས་ད་ལྟ་ནས་དེ་ལྟར་བྱེད་འགོ་ཚུགས་ཟིན་པ་ཡིན། ཞེས་གསུངས་ཡོད་པ་དང་། ཉིན་དེ་ག་རང་ལ་ཨ་རིའི་བྷི་ལ་ཁི་རོ་ཁི་ཚོགས་པས་ལི་ཅཱ་ཁྲེང་གི་ཁྲང་ཧི་ཁེ་ལས་ཚོགས་པ་དང་མཉམ་དུ་བཞག་པའི་ཚོང་གཉེར་གྲོས་མཐུན་དེ་གསལ་བསྒྲགས་བསྐྱངས་ཤིང་། སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཉོ་ཚོང་འདིར་ཨ་རིའི་རྒྱལ་ཁ་དང་པོ་ཞེས་གསུངས་ཤིང་། དེའི་སྔོན་དུ་ཁོང་གིས་རྒྱ་ནག་གཞུང་གིས་ལི་ཅཱ་ཁྲེང་གི་ཁེ་ལས་བརྒྱུད་པ་ཎ་མ་གྲུ་ཡུར་ལ་སྟངས་འཛིན་བྱེད་ཐུབ་ཀྱི་རེད་ཅེས་ཉེན་བརྡ་བཏང་མྱོང་ཡོད་པ་རེད།

ཨ་རིའི་སྐམ་དམག་དམག་འཁྲུག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་U.S. Army War College ལ་ཊིང་ཨ་མེ་རི་ཁའི་ཞིབ་འཇུག་སློབ་དཔོན་ཆེན་མོ་ཨེ་ཝན་ཨེ་ལི་སི་ལགས་ཀྱིས། དེ་ནི་ལི་ཅཱ་ཁྲེང་གིས་ས་ཁམས་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་དཔག་པའི་དུས་བསྟུན་ཐབས་མཁས་ཀྱི་ལན་འདེབས་ཤིག་ཡིན་པར་ངོས་འཛིན་གནང་འདུག།

ངས་འདི་ནི་ལི་ཅཱ་ཁྲེང་གི་ཁྲང་ཧི་ཁེ་ལས་ཚོགས་པས་སོ་སོའི་གནས་སྟངས་ལ་འགྱུར་བ་གཏོང་བ་ཞིག་ཏུ་འདོད་ཀྱི་ཡོད། བཟོ་ཚོང་ཁང་དེས་ཌོ་ནལ་ཊམ་སྲིད་གཞུང་གིས་ཁོ་ཚོ་ནི་རྒྱ་ནག་གཞུང་དང་འབྲེལ་ལམ་དམ་ཟབ་ཡོད་པའི་བཟོ་ཚོང་ཁང་ཞིག་ཏུ་ངོས་འཛིན་གྱིས་དོ་སྣང་ཆེན་པོ་གནང་བཞིན་པ་ཤེས་རྟོགས་བྱུང་རྗེས། འཕྲལ་དུ་འགྱུར་བ་བཏང་བ་རེད། ཅེས་ཁོང་གིས་ཞལ་པར་བརྒྱུད་ནས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་འདུག།

དེ་ལྟར་ལགས་ཀྱང་། ཁོང་གིས་གསུངས་པ་ལྟར་ན། ཉོ་ཚོང་དེའི་ནང་ཁྲང་ཧི་ཁེ་ལས་ཚོགས་པར་གྱོང་གུན་ཐེབས་མེད་ཅིང་། དེ་ལས་ད་དུང་ཁེ་བཟང་དངུལ་རྐྱང་ཨ་སྒོར་ཐེར་འབུམ་༡༩ ཐོབ་ཡོད་པ་དེ་ནི། དེ་སྔོན་ཁྲིམས་རྩོད་པས་གྲུ་ཁའི་རྒྱུ་འབྱོར་ཡོངས་རྫོགས་ལ་རིན་ཐང་ཨ་སྒོར་ཐེར་འབུམ་༡༣ གནས་པའི་ཚོད་དཔག་བྱས་པ་ལས་མང་བ་བྱུང་ཡོད་པ་རེད།

སུད་སིའི་དངུལ་ཁང་USB གི་དབྱེ་ཞིབ་པས། ཁྲང་ཧི་ཁེ་ལས་ཚོགས་པའི་ད་ལོའི་སྤྱི་ཟླ་༦ པའི་ནང་གི་བུ་ལོན་གཙང་མའི་ཚད་ནི་ཨ་སྒོར་ཐེར་འབུམ་༡༧.༧༦ ཡིན་པ་དང་། སྤུས་ཚོང་ལས་ཐོབ་པའི་ཁེ་འབབ་ཀྱིས་ཁེ་ལས་ཚོགས་པ་དེ་དངུལ་རྐྱང་གི་གནས་བབས་སུ་གནས་ཐུབ་ཀྱི་རེད་བརྗོད་འདུག། (འདིར་དངུལ་རྐྱང་གི་གནས་བབས་Net Cash Position ཞེས་པ་ནི་ཁེ་ལས་ཤིག་གི་དངུལ་རྐྱང་རང་དང་དངུལ་རྐྱང་དང་ཁ་འཐབ་པའི་རྒྱུ་དངོས་གཉིས་ཀྱི་སྡོམ་འབོར་ཁོངས་ནས་བུ་ལོན་འཐེན་རྗེས་ཀྱི་ལྷག་མ་དེར་བརྗོད་ཀྱི་ཡོད་པ་དང་། གལ་ཏེ་དངུལ་རྐྱང་གི་ཚད་དེ་ཕོ་གྲངས་སུ་གནས་ཡོད་ན། དེས་ཁེ་ལས་དེར་བུ་ལོན་ལས་དངུལ་རྐྱང་མང་བ་ཡོད་པ་མཚོན་གྱི་ཡོད་པ་དང་། གལ་ཏེ་མོ་གྲངས་ཡིན་ན། ཁེ་ལས་ཀྱི་བུ་ལོན་དེ་དངུལ་རྐྱང་ལས་མང་བ་ཡོད་པ་མཚོན་གྱི་ཡོད་པ་རེད། )

ཐབས་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་Center for Strategic and International Studies ཀྱིས་སྤྱི་ཟླ་༣ པའི་ཚེས་༦ ཉིན་སྤེལ་བའི་དབྱེ་ཞིབ་རྩོམ་ཡིག་ཅིག་ལས་འཁོད་དོན་ལྟར་ན། རྒྱལ་སྤྱིའི་འགལ་ཟླས་མཚོ་འགྲུལ་དྲ་བར་རྙོག་འཛིང་བཟོས་ཡོད་པ་དང་། གཞན་ཡང་སྒོ་ཁྲལ་གྱི་ཚད་གཞི་ཇེ་མཐོ་ནས་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་གོ་ལའི་ཁྱོན་ཡོངས་ཀྱི་ཉོ་ཚོང་གི་འཕྲལ་ཕུགས་གནས་བབས་ཉམས་དམས་སུ་བཏང་ཞིང་། རྒྱ་ནག་གི་དཔལ་འབྱོར་ལ་འགལ་རྐྱེན་སྣ་ཚོགས་ཤིག་འཕྲད་བཞིན་པ་དང་། འགལ་རྐྱེན་དེ་དག་གིས་མ་འོངས་པའི་འཕེལ་རྒྱས་ལ་བཀག་འགོག་ཐེབས་སྲིད་པའི་རྒྱུ་རྐྱེན་ཅི་རིགས་པའི་དབང་གིས། ཁྲང་ཧི་ཁེ་ལས་ཚོགས་པས་གྲུ་ཁར་བདག་གཉེར་དོ་དམ་དང་མ་རྩ་འཛུགས་འཇོག་བྱ་རྒྱུའི་འདོད་མོས་དེ་ཙམ་ཆེན་པོ་མེད་པ་རེད།

རྩོམ་ཡིག་དེ་ཉིད་ལས། ཚོང་གཉེར་ཉོ་སྒྲུབ་ཀྱི་ལས་དོན་འདི་བཞིན་ཨ་རིའི་གཞུང་གི་ལ་ཊིང་ཨ་མེ་རི་ཁའི་སྲིད་ཇུས་དང་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་Marco Rubio མཆོག་གི་ཨ་རི་ཨང་དང་པོར་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱལ་ཁ་ཞིག་ཡིན་པ་རེད། ཅེས་འཁོད་འདུག་པ་དང་། འདིས་མི་ཚོར་རྒྱ་ནག་གིས་ཧོང་ཀོང་གི་ཁྲང་ཧི་ཁེ་ལས་ཚོགས་པ་བརྒྱུད་ནས་ལ་ཊིང་ཨ་མེ་རི་ཁའི་ནང་ཤུགས་རྐྱེན་ཡོད་པ་དེས་ཨ་རིའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་བློ་འཚབ་དེ་རེ་ཞིག་སངས་ཐུབ་རྒྱུ་རེད། ཅེས་ཀྱང་འཁོད་འདུག།

མར་ཀོ་རུ་བྷི་ཨོ་ཕྱི་སྲིད་དྲུང་ཆེར་བསྐོས་རྗེས། ཕྱོགས་ཕེབས་ཐེངས་དང་པོ་དེ། པ་ཎ་མ་དང་ལ་ཊིང་ཨ་མེ་ཁའི་རྒྱལ་ཁབ་ཁག་བཞིར་གནང་ཡོད་པའི་ཁོངས་ལས་པ་ཎ་མ་ནི་ཁོང་འཚམས་འདྲིར་ཕེབས་སའི་ས་ཆ་གལ་འགངས་ཆེ་ཤོས་དེ་ཡིན་པ་རེད། ཕྱི་སྲིད་དྲུང་ཆེ་མཆོག་ཡུལ་དེར་ཕྱོགས་ཕེབས་གནང་བའི་རྗེས་སུ། དེ་སྔོན་ལ་ཊིང་ཨ་མེ་རི་ཁའི་ཁུལ་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་སྒྲུབ་མཁན་མཐུན་གྲོགས་གལ་འགངས་ཆེ་ཤོས་པ་ཎ་མ་གཞུང་གིས་ལས་འཆར་དེའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

གོང་ཞུས་ཨ་རིའི་སྐམ་དམག་གཙུག་ལག་སློབ་གྲྭ་ཆེན་མོའི་ཨེ་ཝན་ཨེ་ལི་སི་ལགས་ཀྱིས་གསུངས་དོན་ལྟར་ན། རྒྱ་ནག་དང་འབྲེལ་བ་གཙང་སེལ་བྱས་པ་དེ་ལས། གྲུ་ཁ་དེ་དག་ལ་མ་རྩ་འཛུགས་འཇོག་བྱེད་མཁན་མང་བ་ཐོབ་པའི་ལམ་ཁ་བཟོས་ཡོད་པ་རེད། ཁོང་གིས་མི་ཚོས་གྲོས་མཐུན་དེར་བརྟེན་ནས་མ་རྩ་འཛུགས་འཇོག་བྱེད་མཁན་གསར་པ་མང་པོ་སླེབས་རྒྱུ་ཡིན་ཞིང་། གཅིག་ནི། བྷི་ལ་ཁི་རོ་ཁི་ལ་མ་དངུལ་ཕོན་ཆེན་པོ་ཡོད་པ་དང་། གཉིས་ནི། རྒྱ་ནག་ཤུགས་རྐྱེན་མེད་པར་བཟོས་ཡོད་པ་རེད། ཅེས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་འདུག།

ཨ་རིའི་བློ་འཚབ་ཡོངས་སུ་སེལ་ཐུབ་མེད་པ།

སྤྱི་ལོ་༡༩༡༤ ལོར་པ་ཎ་མ་གྲུ་ཡུར་བེད་སྤྱོད་གཏོང་འགོ་ཚུགས་པ་ནས་བཟུང་། ནུབ་རྒྱ་མཚོ་ཆེན་པོ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་གཉིས་བར་གྱི་ཟམ་པ་ལྟ་བུའི་མཚོ་ལམ་ཞིག་ཡིན་པའི་ཆ་ནས། དུས་ཡུན་རིང་པོར་གོ་ལའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་དམག་དོན་གྱི་ཁྱབ་ཁོངས་སུ་གོ་གནས་འགངས་ཆེན་བཟུང་ཡོད་པ་རེད། གྲུ་ཡུར་འདི་ཉིད་ཀྱི་བཀའ་དྲིན་ལས། གྲུ་གཟིངས་རྣམས་ལྷོ་ཨ་མེ་རི་ཁའི་ལྷོ་སྣེ་ནས་བསྐོར་མི་དགོས་པར་གྲུ་ཐག་དུས་ཡུན་བསྟུངས་ཐུབ་པར་བརྟེན། སྐྱེལ་འདྲེན་གྱི་འགྲོ་གྲོན་བསྲི་ཚགས་ཐུབ་ཅིང་། རིང་ཚད་ལ་མེལ་༥༡ ལས་མེད་པའི་གྲུ་ཡུར་དེ་ལས་ལོ་རེར་འཆར་ཅན་གྲུ་གཟིགས་༡༣༠༠༠ ཐམ་འགྲུལ་བཞུད་བྱེད་ཀྱི་ཡོད་པ་དང་། གོ་ལའི་ཁྱོན་ཡོངས་ཀྱི་ཚོང་དོན་སྡོམ་འབོར་གྱི་བརྒྱ་ཆ་༥% ནས་༦% བར་ཟིན་གྱི་ཡོད་པ་རེད།

ཨ་རི་ནི་པ་ཎ་མ་གྲུ་ཡུར་བེད་སྤྱོད་གཏོང་མཁན་ཆེ་ཤོས་དེ་ཡིན་ཞིང་། ཨ་རིའི་ཚོང་ཟོག་ཕྱིར་འཚོང་དང་ནང་འདྲེན་གྱི་ཁོངས་ནས་ཐུམ་སྒྲིལ་དོས་བསྡོག་བརྒྱབ་པའི་སྡོམ་འབོར་གྱིས་པ་ཎ་མ་གྲུ་ཡུར་བརྒྱུད་པའི་སྐྱེལ་འདྲེན་འབོར་ཚད་ཀྱི་བརྒྱ་ཆ་༧༣% ཟིན་ཡོད་ཅིང་། ལོ་རེར་ཨ་རིའི་བསྡོག་ཆས་སྐྱེལ་འདྲེན་འབོར་ཚད་ཀྱི་བརྒྱ་ཆ་༤༠% པ་ཎ་མ་གྲུ་ཡུར་བརྒྱུད་ནས་འགྲོ་ཡི་ཡོད་པ་དང་། ལོ་རེའི་སྐྱེལ་འདྲེན་ཚོང་ཟོག་གི་བསྡོམས་འབོར་ཨ་སྒོར་ཐེར་འབུམ་༢༧༠ ལས་བརྒལ་ཡོད་པ་རེད།

སྤྱི་ལོ་༢༠༡༧ ལོར། པ་ཎ་མ་ཡིས་ཐེ་ཝན་དང་མཉམ་དུ་ཕྱི་སྲིད་ཀྱི་འབྲེལ་ལམ་གཙང་བཅད་བྱས་ཏེ། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་ལེན་བྱས་པ་དེས་རྒྱ་ནག་ལ་ས་ཁུལ་དེའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གཞི་ཆེ་ཁག་གི་མ་རྩ་འཛུགས་འཇོག་དང་། ཚོང་ལས་འགྲན་ཤོག་ལེན་པར་ལམ་ཁ་སྟབས་བདེ་བཟོས་ཤིང་། རྒྱ་ནག་གི་ཁེ་ལས་ཁག་༤༠ ལྷག་ཙམ་གྱིས་པ་ཎ་མ་ནས་ལས་དོན་གཉེར་གྱི་ཡོད་པའི་ཁོངས་ལས། གཏེར་ཁ་སྔོག་འདོན་དང་། མ་རྩ་འཛུགས་འཇོག། དོས་ཆས་སྐྱེལ་འདྲེན། བརྡ་འཕྲིན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། པ་ཎ་མ་དེ་བཞིན་ད་དུང་རྒྱ་ནག་གི་"རྒྱུད་གཅིག་ལམ་གཅིག་" ཅེས་པའི་ལས་འཆར་ཀྱི་ནང་དུའང་མཉམ་ཞུགས་བྱས་ཡོད་པ་རེད།

ཝ་ཤིང་ཊོན་གྱི་རིག་མཛོད་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་CSIS ཀྱིས་༢༠༢༡ ལོར་བཏོན་པའི་སྙན་ཐོ་ཞིག་ལས། པེ་ཅིང་གིས་གྲུ་ཡུར་དེའི་ཕྱི་ནང་གསང་གསུམ་ནས་གནས་བབས་ཇེ་མཐོར་འགྲོ་བཞིན་པ་དེས་མཚོ་ལམ་དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་དབར་སྟོབས་ཤུགས་ཁྱབ་ཁོངས་རྒྱ་བསྐྱེད་བྱེད་རེས་བྱེད་པའི་རྐྱེན་རྩ་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་རེད། ཅེས་བརྗོད་འདུག།

སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་རྟག་པར་གྲུ་ཡུར་དེས་ཨ་རིའི་གྲུ་གཟིངས་ལ་འགྲུལ་གླ་ཧ་ཅང་མཐོན་པོ་ལེན་གྱི་ཡོད་པའི་ཐད་སྐྱོན་བརྗོད་གནང་གི་ཡོད་པ་དང་དུས་མཚུངས་སུ། ཁོང་གིས་རྒྱ་ནག་གིས་ཁྲང་ཧི་ཁེ་ལས་ཚོགས་པ་བརྒྱུད་ནས་པ་ཎ་མ་གྲུ་ཡུར་གྱི་གྲུ་ཁ་ཁག་གཉིས་ལ་བདག་གཉེར་བྱེད་པར་བརྟེན་ནས་གྲུ་ཡུར་གྱི་དོ་དམ་བདག་ཚགས་ལ་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་པ་དེས་ས་ཁུལ་དེའི་ཨ་རིའི་ཁེ་ཕན་ལ་ཉེན་ཁ་བཟོ་གི་ཡོད་པར་ངོས་འཛིན་གནང་ཡོད་པ་རེད།

ཧྥུ་ལོ་རི་ཌ་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་མོའི་སྤྱི་པའི་སྲིད་ཇུས་ཞིབ་འཇུག་ཁང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལེ་ལན་ཌི་ལཱ་ཛ་རཱ་སི་Leland Lazarus ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ། སེམས་འཚབ་བྱེད་དགོས་པ་ཞིག་ནི། གལ་ཏེ་རྒྱ་ནག་དང་ཨ་རིའི་དབར་ཐེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་འགལ་ཟླ་བྱུང་ཚེ། ཨ་རིའི་མཚོ་དམག་གིས་ནུབ་རྒྱ་མཚོ་ཆེན་པོའི་ཁུལ་ནས་པ་ཎ་མ་གྲུ་ཡུར་བརྒྱུད་ཞི་བདེ་རྒྱ་མཚོའི་ཁུལ་དུ་གྲུ་གཟིངས་འཕྲལ་དུ་གཏང་དགོས་ཚེ་རྒྱ་ནག་གིས་ཁེ་ལས་དེ་དག་གིས་ལས་ཀ་དེར་དུས་འགྱངས་ཀྱི་བར་ཆད་གཏོང་སྲིད་པ་རེད། ཅེས་གསུངས་འདུག།

ཁོང་གིས་ད་དུང་། རྒྱ་ནག་གི་མཚོ་ཐོག་སྐྱེལ་འདྲེན་དང་གྲུ་ཁ་བདག་གཉེར་བྱེད་མཁན་གྱི་བཟོ་ཚོང་ཚང་མར་རྒྱ་ནག་དམར་ཤོག་ཚོགས་པས་ཤུགས་རྐྱེན་ཐེབས་རྒྱུ་ཉག་ཅིག་ཡིན་པ་སྟེ། བདག་གཉེར་སྤྱི་ཁྱབ་དང་འགན་འཛིན་ཀུན་པོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞེ་གཅིག་ཡིན་པ་རེད། རྒྱ་ནག་གིས་༢༠༡༧ ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པའི་ནང་། རྒྱ་ནག་གི་ཁེ་ལས་ཁག་གིས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་གྲུ་ཁ་དོ་དམ་དང་མཚོ་ཐོག་སྐྱེལ་འདྲེན་བཟོ་ཚོང་ཁང་ཚོའི་བྱ་སྤྱོད་ལ་ཤུགས་རྐྱེན་བཏང་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཞབས་འདེགས་སྒྲུབ་དགོས་པ་ཞིག་བཟོས་ཡོད་པ་རེད། ཅེས་ཀྱང་གསུངས་འདུག།

འོན་ཏེ་ཨ་རིའི་སྐམ་དམག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨེ་ཝན་ཨེ་ལི་སི་ལགས་ཀྱིས། ད་ལན་གྱི་ཚོང་གཉེར་ཉོ་སྒྲུབ་ཀྱི་གྲོས་མཐུན་དེ་ལས་གནད་དོན་རྣམས་དགེ་བའི་ཕྱོགས་སུ་དྲངས་ཡོད་ཀྱང་། བདེ་འཇགས་ཐད་ཀྱི་བློ་འཚབ་དེ་ད་དུང་ཡོངས་སུ་སེལ་ཐུབ་མེད། ཅེས་ཉེན་བརྡ་བཏང་འདུག། ཁོང་གིས་ད་ལྟའི་ཆར། གྲུ་ཡུར་དེར་བེད་སྤྱོད་གཏོང་བཞིན་པའི་ལས་རིགས་དེའི་ཁྱབ་ཁོངས་ནང་གི་ཡར་འདེགས་འཕྲུལ་འཁོར་མཚན་ཉིད་ཚང་བ་དེ་དག་ཐམས་ཅད་ནི་རྒྱ་ནག་གི་ཀྲོན་ཧྭ་བཟོ་གྲྭས་བཟོས་པ་ཤ་སྟག་ཡིན་ཙ་ན། རྒྱ་ནག་གིས་བཟོས་པའི་ཡར་འདེགས་འཕྲུལ་འཁོར་སྤྱད་ནས་བརྟག་དཔྱད་བྱེད་སྐབས། དེའི་གཞི་གྲངས་རྣམས་གང་དུ་འགྲོ་གི་རེད་དམ། བསྡོག་ཆས་ཤོག་སྒམ་སྟེང་གི་ལྗིད་ཚད་རྟོག་ཆས་ཀྱི་གནས་ཚུལ་མཚོན་པའི་གྲངས་ཀ་རྣམས་གང་དུ་འགྲོ་གི་རེད་དམ། ཞེས་དོགས་འདྲི་གནང་འདུག།

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་ཁ་ག་གཏད་འཇལ་བའི་ལས་དོན་ཚོགས་ཆུང་དང་། མངའ་ཁོངས་བདེ་འཇགས་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་སྐྱེལ་འདྲེན་དང་མཚོ་ཐོག་བདེ་འཇགས་ཚོགས་ཆུང་གིས་ན་ནིང་ལོའི་སྤྱི་ཟླ་༩ པའི་ནང་བཏོན་པའི་སྙན་ཐོ་ཞིག་ལས། རྒྱ་ནག་གི་གཞུང་གཉེར་ཁེ་ལས་ཧྲང་ཧའེ་ཀྲོན་ཧྭ་བཟོ་གྲྭས་གྲུ་ཁ་ཁག་ཏུ་བེད་སྤྱོད་གཏོང་བྱེད་ཡར་འདེགས་འཕྲུལ་འཁོར་གྱིས་འཛམ་གླིང་ཚོང་རའི་ནང་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། ད་ཕན་ཨ་རིའི་གྲུ་ཁའི་འགྲམ་ངོགས་སུ་ཡར་འདེགས་འཕྲུལ་འཁོར་གྱི་ལས་རིགས་ནང་བརྒྱ་ཆ་༨༠% ཙམ་ཟིན་ཡོད་པ་གསལ་སྟོན་བྱས་འདུག།

ཁོང་ཚོས་རྟོག་ཞིབ་སྐབས་སུ་བསྡུ་ལེན་བྱས་པའི་དཔང་རྟགས་ལས་གསལ་དོན་ལྟར་ན། གལ་སྲིད་ཀྲོན་ཧྭ་བཟོ་གྲྭར་འདོད་པ་ཡོད་ཚེ། གནའ་བོའི་ཧོ་མེར་སྒྲུང་ནང་གི་ཊོ་རེའེ་སི་ཤིང་གི་རྟ་མཆོག་Troy’s Wooden Horse ངང་ཚུལ་ལྟར་བྱེད་ཐུབ་ཅིང་། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཕྱོགས་ཀྱི་དགོས་འདུན་ལྟར། ཁོ་ཚོར་ཨ་རིའི་མཚོ་ཐོག་གི་མཁོ་ཆས་དང་ལག་རྩལ་བེད་སྤྱོད་དང་ཁ་སྒྱུར་བྱེད་པར་རོགས་རམ་བྱེད་ཐུབ་ཀྱི་ཡོད་པ་རེད། ང་ཚོའི་གཞི་རྩའི་རྨང་གཞི་འཛུགས་སྐྲུན་ནང་སྦས་པའི་ཉེན་ཁ་དེས་རྒྱ་མཚོ་ཆེན་པོའི་ཤར་མཐའ་ནས་ནུབ་མཐའ་བར་གྱི་ཨ་རི་བ་རྣམས་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། ཅེས་སྙན་ཐོའི་ནང་བཀོད་འདུག།

ད་ལྟའི་ཆར་གསལ་པོ་བཟོས་ཐུབ་མེད་པ་ཞིག་ནི། བྷི་ལ་ཁི་རོ་ཁི་ཚོགས་པས་གྲུ་ཁ་དེ་དག་རྩིས་ལེན་བྱས་རྗེས་ཡོ་བྱད་དེ་དག་བརྗེ་པོ་བརྒྱབ་མིན་དེ་ཡིན་ཞིང་། ཨ་རིའི་བརྒྱུད་ལམ་འགའ་ཤས་ཀྱིས་སྙན་ཐོ་སྤེལ་བ་ལྟར་ན། དོན་དམ་དུ་བྷི་ལ་ཁི་རོ་ཁི་ཚོགས་པ་ནི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་ཁེ་ལས་ཤིག་ཡིན་པ་ལས་ཨ་རིའི་ཁེ་ལས་ཤིག་མིན་པ་དེ་རེད། དེ་ཙམ་དུ་མ་ཟད། ཨེ་ཝན་ཨེ་ལི་སི་ལགས་ཀྱིས་གསུངས་དོན་ལྟར་ན། རྒྱ་ནག་གི་དོས་སྐྱེལ་ཁེ་ལས་ཆེ་ཤོས་ཁ་སི་ཁོ་རྟགས་ཅན་གྱི་ཁེ་ལས་CASCO དེ་ནི་ད་དུང་ཡང་པ་ཎ་མ་གྲུ་ཡུར་དུ་བདག་གཉེར་བྱེད་མཁན་གྱི་ཚོང་བདག་གཙོ་བོའི་གྲས་ཤིག་ཡིན་པ་དང་། པ་ཎ་མ་གྲུ་ཡུར་དོ་དམ་ལས་ཁུངས་དང་། པ་ཎ་མའི་ནང་ལས་དོན་གཉེར་བཞིན་པའི་རྒྱ་ནག་གི་སྒྲིག་འཛུགས་གཞན་མང་པོ་ཡོད་པ་དང་། དེ་བཞིན་པ་ཎ་མའི་གཞུང་བཅས་དབར་འབྲེལ་ལམ་དམ་ཟབ་ཡོད་ཅིང་། འཛིངས་ཚ་ལ་རྙོག་ཆེ་བའི་འབྲེལ་ལམ་དེ་དག་གིས་གནད་འགག་གི་སྐབས་སུ་པེ་ཅིང་གཞུང་གིས་པ་ཎ་མའི་དབང་འཛིན་པ་ཚོར་ཤུགས་རྐྱེན་ཐེབས་ཐུབ་པའི་གནས་སྟངས་ཡོང་སྲིད་པ་རེད། ཁ་སི་ཁོ་ཅན་རྟགས་ཅན་ཁེ་ལས་ནི་རྒྱ་ནག་གི་གཞུང་གཉེར་ཁེ་ལས་ཤིག་ཡིན་པ་མ་ཟད། རྒྱ་ནག་གི་ཀྲུང་ཁྲེ་ཚོགས་པའི་ཁོངས་གཏོགས་ཤིག་ཀྱང་ཡིན་འདུག།

པ་ཎ་མ་གྲུ་ཡུར་དང་འབྲེལ་བའི་མཁའ་ཐོག་ལམ་ཐིག་གསལ་བའི་ས་ཁྲ་ཞིག།
པ་ཎ་མ་གྲུ་ཡུར་དང་འབྲེལ་བའི་མཁའ་ཐོག་ལམ་ཐིག་གསལ་བའི་ས་ཁྲ་ཞིག།

རྒྱ་ནག་གིས་པ་ཎ་མ་དང་ལ་ཊིང་ཨ་མེ་རི་ཁའི་ཁུལ་དུ་ཤུགས་རྐྱེན་སྤེལ་བ།

ཐེངས་འདིའི་ཚོང་གཉེར་གྲོས་མཐུན་གྱི་ནང་པ་ཎ་མའི་གྲུ་ཡུར་གྱི་གྲུ་ཁ་གལ་ཆེན་གཉིས་ཙམ་མ་ཟད། རྒྱ་ནག་དང་ཧོང་ཀོང་ཕུད་པའི་ཁྱོན་འཛམ་གླིང་གི་གྲུ་ཁ་༤༣ ཚུད་ཡོད་ཅིང་། ཚོང་གཉེར་གྱི་གྲོས་མཐུན་དེས་རྒྱ་ནག་གི་ཁེ་ལས་ཚོས་གཉེར་བའི་ཕྱི་རྒྱལ་གྱི་གྲུ་ཁ་སུམ་ཆ་གཅིག་ཙམ་ཤོར་བ་མཚོན་གྱི་ཡོད་པ་དང་། གྲུ་ཁ་དེ་དག་གི་བདག་གཉེར་དོ་དམ་གྱི་དབང་ཆ་ཨ་རིའི་ཁེ་ལས་ཚོར་ཐོབ་ཡོད་པ་རེད།

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། ཨ་རི་ནི་འཛམ་གླིང་གི་མཚོ་ཐོག་གི་སྟོབས་ཆེན་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞིང་། ཁོ་ཚོའི་གྲུ་ཁ་དོ་དམ་དང་གྲུ་བཟོ་ལས་རིགས་བཅས་འཛམ་གླིང་གི་རྩེ་ཕུད་ཀྱི་ཚད་ལ་གནས་ཡོད་ཀྱང་། འདས་པའི་ལོ་ངོ་༤༠ ཙམ་རིང་། ཨ་རིའི་ཁེ་ལས་ཚོ་རིམ་གྱིས་འཛམ་གླིང་གི་མཚོ་ཐོག་སྐྱེལ་འདྲེན་དང་གྲུ་ཁ་བདག་ཚགས་ཀྱི་ལས་དོན་ཁོངས་ནས་ཕྱིར་འཐེན་བྱས་ཏེ། ཁེ་ལས་ཁག་དང་མ་རྩ་འཛུགས་འཇོག་བྱེད་མཁན་ཚོས་ད་ཡོད་ལས་རིགས་ལ་དོ་སྣང་སྤྲོད་རྒྱུ་ཡན་པར་བཞག་ནས་རིན་ཐང་མ་ལག་གི་རྩེ་ཕུད་ཀྱི་ལས་རིགས་ཁོངས་སུ་རྒྱུ་འབོར་གྱི་ཁེ་བཟང་མཐོན་པོ་རིགས་ཤིག་འཐོབ་ཐབས་ཁོ་ནར་དོན་གཉེར་བྱས་ཡོད་པ་རེད།

དེ་དང་བསྡུར་ན་རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁོ་ཚོའི་བཟོ་ལས་སྲིད་ཇུས་བེད་སྤྱད་ནས་རྒྱ་ནག་གི་ཁེ་ལས་ཀྱིས་མཚོ་ཐོག་སྐྱེལ་འདྲེན་ལ་མ་རྩ་འཇོག་པར་སྐུལ་མ་བྱས་ཤིང་། སིང་གྷ་ཕོར་གྱི་ར་ཇཱ་ར་ཊི་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་S. Rajaratnam School of International Studies, RSIS གིས་དབྱེ་ཞིབ་བྱས་པ་ལྟར་ན། ༢༠༢༢ ལོར་སླེབས་མཚམས་སུ། རྒྱ་ནག་གི་ཁེ་ལས་ཚོས་འཛམ་གླིང་གི་བསྡོག་ཆས་སྐྱེལ་འདྲེན་བྱེད་སའི་གྲུ་ཁ་ཆེ་གྲས་༡༠༠ ཐམ་པའི་ནང་གི་གྲུ་ཁ་༦༡ ལ་བདག་གཉེར་གྱི་དབང་ཆ་ཡོད་པའམ་ཚོང་གཉེར་བྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་འདུག། ལོ་ངོ་༢༥ རིང་གི་ཐོན་ལས་སྲིད་ཇུས་བརྒྱུད། རྒྱ་ནག་གི་ཁེ་ལས་ཁག་གིས་མཚོ་ཐོག་སྐྱེལ་འདྲེན་དང་། གྲུ་གཟིངས་བཟོ་སྐྲུན། བསྡོག་ཆས་ལྕགས་སྒམ་བཟོ་བ། དེ་བཞིན་གྲུ་ཁའི་སྒྲིག་ཆས་ཁྱབ་ཁོངས་ཁག་ལའང་དེ་མཚུངས་ཀྱི་ཚོང་ར་ཆེན་པོ་ཟིན་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཚོང་གཉེར་འདིའི་ཐད་ལན་འདེབས་ཀྱི་བསམ་ཚུལ་གང་ཡང་བཏོན་མེད་ཀྱང་། རྒྱ་ནག་ཡང་པ་ཎ་མ་གྲུ་ཡུར་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། ༢༠༢༣ ལོའི་ཟླ་བ་༡༠ ནས་༢༠༢༤ ལོའི་ཟླ་བ་༩ པའི་བར། རྒྱ་ནག་གིས་པ་ཎ་མ་གྲུ་ཡུར་གྱི་ཚོང་ཟོག་སྐྱེལ་འདྲེན་འབོར་ཚད་ཀྱི་བརྒྱ་ཆ་༢༡.༤% ཟིན་ཡོད་པ་དང་། ཨ་རིའི་རྗེས་སུ་ཨང་དང་པོ་ཆགས་ཡོད་པ་རེད།

ཁེ་ལས་ཀྱིས་གྲུ་ཁ་དོ་དམ་བདག་གཉེར་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་གཉིས་ཀྱི་འབྲེལ་བའི་སྐོར་ལ་རྩོད་གླེང་ཆེན་པོ་ཡོད་པ་རེད། གྲུ་ཁའི་བདག་དབང་དང་བདག་གཉེར་དོ་དམ་གྱི་དབང་ཆས་འཐབ་ཇུས་ཐད་ཀྱི་གནད་དོན་གལ་ཆེན་ཞིག་མཚོན་གྱི་ཡོད་པ་དང་། གྲུ་ཁ་བདག་གཉེར་གྱི་དབང་ཆས་ས་ཁམས་ཆབ་སྲིད་ཀྱི་དཔལ་འབྱོར་ཁེ་ཕན་ནང་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཐོབ་གྱི་ཡོད་པ་སིང་གྷ་ཕོར་གྱི་ར་ཇཱ་ར་ཊི་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་RSIS གི་དབྱེ་ཞིབ་རྩོམ་ཡིག་དེ་ཉིད་ལས་འཁོད་ཡོད་འདུག།

མ་རྩ་བཏང་བའི་འབོར་ཚད་དང་དཔལ་འབྱོར་ལམ་ལྷོངས་ཡོང་མིན་གྱི་རྒྱུ་རྐྱེན་ཐད་ནས་གྲུ་ཁའི་གལ་གནད་ལ་བསམ་གཞིགས་བྱེད་སྐབས། འཐབ་ཇུས་ཀྱི་མ་རྩ་འཇོག་སྟངས་དེ་དག་གིས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་ཡོད་པ་གསལ་པོ་ཡིན་ཞིང་། གྲུ་ཁ་བདག་གཉེར་བྱེད་མཁན་ཚོས་ཚོང་ཟོག་སྐྱེལ་འདྲེན་བྱེད་མཁན་འགའ་ཤས་ལ་དམིགས་བསལ་གཏོང་བའམ། ཁོ་ཚོར་ཕན་པའི་དམིགས་བསལ་གྱི་དབང་ཆ་དང་ཚོང་ཟོག་མཁོ་འདོན་རྒྱུན་ཐག་གི་ཐོག་མཐའི་བརྒྱུད་རིམ་ནང་དམིགས་བསལ་ཐོབ་དབང་སྤྲོད་སྲིད་པ་རེད། ཅེས་རྩོམ་ཡིག་དེའི་ནང་འཁོད་འདུག།

སིང་གྷ་ཕོར་གྱི་ར་ཇཱ་ར་ཊི་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་RSIS གི་དབྱེ་ཞིབ་ནང་གསལ་བ་ལྟར་ན། བྷི་ལ་ཁི་རོ་ཁི་ BlackRock ཚོགས་པའི་ཚོང་ལས་ཀྱི་གཞི་ཁྱོན་ཆེ་ཞིང་། མིའི་དོ་སྣང་འདྲེན་པ་མང་དྲགས་པ་དང་། ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་དྲགས་པ་བཅས་ལ་བརྟེན་ནས། སྲིད་དོན་ཤུགས་རྐྱེན་ལས་བརྒལ་ཐབས་མེད་པ་བརྗོད་འདུག།

རྒྱ་ནག་ཏུ་ཨ་རིའི་ཁེ་ལས་ཀྱིས་པ་ཎ་མ་གྲུ་ཡུར་རྩིས་བླངས་རྗེས། མི་ཚོས་རྒྱ་ནག་གིས་བདེ་འཇགས་བརྟག་དཔྱད་ནར་འགྱངས་གཏོང་བ་དང་། ཉེན་སྲུང་འགན་ལེན་གྱི་རིན་གོང་མཐོ་རུ་གཏོང་བ། གྲུ་གཟིངས་འཇོག་ས་ཁག་གི་གླ་ཆ་སྤར་བ། དེ་བཞིན་མཚོ་ཐོག་སྐྱེལ་འདྲེན་གྱི་ལམ་ཐིག་ལ་འགྱུར་བ་གཏོང་བ་སོགས་ལ་བརྟེན་ནས་སྐྱེལ་འདྲེན་གྱི་འགྲོ་སོང་འཕར་སྲིད་པའི་ཐད་བློ་འཚབ་ཡོང་བཞིན་པ་རེད། དེ་ལས་གཞན། རྒྱ་ནག་གི་ཚོང་གྲུ་ལ་བདེ་འཇགས་ཀྱི་ཐད་ནས་ཉེན་ཁ་ཡོང་སྲིད་པ་དང་། ཁོ་ཚོས་རྒྱ་ནག་གཞུང་ལ་ཕུགས་ལ་ཕན་པའི་བདེ་འཇགས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།

ཨ་རིའི་སྒེར་གཉེར་ཁེ་ལས་ཀྱིས་ས་ཁམས་ཆབ་སྲིད་ནང་ཐོན་པའི་ནུས་པ།

ཐེངས་འདིའི་ཚོང་གཉེར་གྲོས་མཐུན་དེའི་ནང་པ་ཎ་མའི་གྲུ་ཁ་གལ་འགངས་ཆེན་པོ་གཉིས་ལས་གཞན། རྒྱ་ནག་དང་ཧོང་ཀོང་ཕུད་པའི་གོ་ལའི་ཁྱོན་ཡོངས་ཀྱི་གྲུ་ཁ་༤༣ ཚུད་ཡོད་པ་དེ་ནི། དོས་ཆས་སྐྱེལ་འདྲེན་དང་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་གྱི་ལྟེ་བ་ཙམ་གྱིས་མི་ཚད་པར། ཕྲེང་ཐག་གི་ལུས་ལ་ཕྲེང་རྡོག་བསྟར་བ་རྒྱུས་པ་ལྟ་བུའི་འཛམ་གླིང་ཚོང་འབྲེལ་གྱི་ཕྲེང་བའི་དཀྱིལ་གྱི་མདོ་འཛིན་དང་། གོས་ཀྱི་སྒྲོག་གུའི་ཚུལ་དུ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་རེད།

ཨ་རིའི་སྐམ་དམག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨེ་ཝན་ཨེ་ལི་སི་ལགས་ལྟར་ན། ཌོ་ནལ་ཊམ་སྲིད་གཞུང་གིས་ཨ་རི་ཨང་དང་པོར་འཛིན་པའི་སྲིད་ཇུས་ཀྱི་སྐུལ་འདེད་འོག། སྒེར་གཉེར་ཁེ་ལས་ཚོས་ནམ་ཞག་རྒྱུན་དུ་ཕྱི་འབྲེལ་སྲིད་ཇུས་དང་ཆབ་སྲིད་ཀྱི་ཐག་གཅོད་ནང་གོ་གནས་གལ་ཆེན་ཟིན་གྱི་ཡོད་པ་རེད། བྷི་ལ་ཁི་རོ་ཁི་ཚོགས་པ་ནི་འཛམ་གླིང་གི་རྒྱུ་ནོར་དོ་དམ་བདག་གཉེར་བྱེད་མཁན་ཁེ་ལས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་ཚོང་ལམ་གལ་ཆེན་ཞིག་དང་འབྲེལ་བའི་གྲུ་ཁ་ཉོ་སྒྲུབ་བྱེད་པ་དེས། དོན་དམ་ལ་ཨ་རིའི་གཞུང་ལ་འཛམ་གླིང་གི་ཚོང་ཟོག་མཁོ་འདོན་རྒྱུན་ཐག་དང་། འཐབ་ཇུས་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཡིན་པའི་ཚོང་ལམ་ལ་ཤུགས་རྐྱེན་སྤེལ་བར་མངོན་སུམ་མིན་པའི་རམ་འདེགས་ཆེན་པོ་ཞིག་བྱས་ཐུབ་ཡོད་སྲིད་པ་རེད།

ཚོང་གཉེར་འདིས་ང་ཚོར་དྲན་སྐུལ་འདི་འདྲ་ཞིག་ཀྱང་བྱས་ཡོད་དེ། ཨ་རིའི་སྒེར་གཉེར་རྒྱུ་ནོར་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིའི་ཚབ་བྱེད་ནུས་ལྡན་ཞིག་ཡིན་པ་དང་། འཛམ་གླིང་གི་ས་ཆ་གཞན་ཁག་ཏུའང་དེ་མཚུངས་ཀྱི་ནུས་པ་གལ་ཆེན་འདོན་ཐུབ། ཅེས་ཀྱང་ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་འདུག།

སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་འཛེམ་བག་མེད་པར་ཨ་རིའི་བཟོ་ཚོང་ཁང་ཆེན་པོ་དེར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་རྟེན་འབྲེལ་ཞུས་གནང་ཡོད་པ་དང་། ཁོང་ཚོར་གྲུ་ཡུར་གཞན་ཁག་གཅིག་ཀྱང་ཉོ་སྒྲུབ་བྱེད་དགོས་པའི་ཐུགས་རེ་གནང་བཞིན་པར་གཞིགས་ན། སིང་གྷ་ཕོར་གྱི་ར་ཇཱ་ར་ཊི་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་དབྱེ་ཞིབ་ལྟར་ན། ཁོང་གི་གཞུང་གིས་ཚོང་གཉེར་འདི་བསྐྲུན་ཐུབ་ཡོད་པའི་སྣང་བརྙན་ཞིག་བསྐྲུན་ཏེ། མུ་མཐུད་ནས་སྒེར་གཉེར་མ་རྩ་རྣམས་རྨང་གཞིའི་འཛུགས་སྐྲུན་གྱི་ཚོང་གཉེར་གལ་ཆེན་ནང་མཉམ་ཞུགས་བྱ་འཇུག་རྒྱུ་ཡིན་པ་རེད།

ད་ལྟའི་ཆར་རྒྱལ་ཁབ་ཁག་གི་གཞུང་དང་། མཚོ་ཐོག་སྐྱེལ་འདྲེན་དང་། ཚོང་དོན་ལས་རིགས་སོགས་ཀྱི་དཀྱིལ་འཁོར་ནང་ལ་ཁྱབ་ཁོངས་དེའི་ནང་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། གྲོས་མཐུན་འདི་བཞིན་ད་ལྟ་གཏན་འབེབས་བྱེད་བཞིན་པའི་སྒང་ཡིན་པ་དང་། ཅིག་བྱས་ན་གཏན་འབེབས་མི་ཐུབ་པའི་གནས་སྟངས་ཀྱང་ཆགས་སྲིད་པ་རེད། གང་ལྟར་མཐར་གོང་འཁོད་ཚོང་གཉེར་གྲོས་མཐུན་དེར་པ་ཎ་མ་གཞུང་གིས་ཆོག་མཆན་སྤྲོད་དགོས་ཀྱི་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG