ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཌོ་ནལ་ཊམ་དང་ཨན་ཌེར་ཇཱ་ཁི་སོན། དཀྱུས་དམངས་རིང་ལུགས་ཀྱི་ཤུལ་བཞག།
གཟའ་པ་སངས། ༢༠༢༥/༠༤/༡༨

ཌོ་ནལ་ཊམ་དང་ཨན་ཌེར་ཇཱ་ཁི་སོན། དཀྱུས་དམངས་རིང་ལུགས་ཀྱི་ཤུལ་བཞག།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཌོ་ནལ་ཊམ་དང་ཨན་ཌེར་ཇཱ་ཁི་སོན། དཀྱུས་དམངས་རིང་ལུགས་ཀྱི་ཤུལ་བཞག།

༄༅། །སྲིད་འཛིན་ཌོ་ནལ་ཊམ་མཆོག་ཕྱིར་ཕོ་བྲང་དཀར་པོར་ལོག་རྗེས་སུ་བརྩམས་པའི་ལས་དོན་གལ་ཆེ་ཤོས་གཅིག་དེ། སྲིད་འཛིན་ཨན་ཌེར་ཇཱ་ཁི་སོན་དམ་པ་དེའི་སྐུ་པར་དེ་གྱང་ངོས་སུ་བསྐྱར་དུ་བཀལ་ཡོད་པ་རེད། ཁོང་གིས་རྟག་པར་ཨན་ཌེར་ཇཱ་ཁི་སོན་དམ་པ་དེ་བཞིན་སོ་སོའི་དགོངས་པའི་འབྱུང་ཁུངས་ཤིག་ཏུ་འདོད་བཞིན་ཡོད་ཅིང་། མཚོན་དོན་ལྡན་པའི་སྐུ་པར་དེ་ཉིེད་ལས། ཌོ་ནལ་ཊམ་དང་ཨན་ཌེར་ཇཱ་ཁི་སོན་རྣམ་གཉིས་ཀྱི་སྲིད་སྐྱོང་སྟངས་ལ་འདྲ་བའི་ཆ་ཆེན་པོ་ཡོད་པ་དང་། ཁྱད་པར་དུ་དཀྱུས་དམངས་རིང་ལུགས་ཀྱི་ལྟ་སྤྱོད་ལྡན་པ་དང་སྲིད་དོན་པ་ཁྱུ་མཆོག་ཚོར་རྒོལ་བའི་ངང་ཚུལ་ཐད་མཚུངས་ཆོས་ཤིན་ཏུ་མང་པོ་ཡོད་པ་སོགས་སྲིད་འཛིན་རྣམ་གཉིས་ཀྱི་འབྲེལ་ལམ་དང་མཚུངས་ཆོས་ཁག་ཅིག་གི་ངོ་སྤྲོད་གཤམ་གསལ།

སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་རྟག་པར། "ཨན་ཌེར་ཇཱ་ཁི་སོན། ང་ཚོས་ཁྱེད་ཀྱི་སྲི་ཞུ་ལ་ཐུགས་རྗེ་ཆེ་ཞུའོ།། ཨན་ཌེར་ཇཱ་ཁི་སོན་ནི་མི་དམངས་ཀྱི་སྲིད་འཛིན་ཞིག་རེད།”ཅེས་གསུངས།

སྲིད་འཛིན་ཊམ་གྱི་ལས་དུས་གཉིས་པ་ཚུགས་མ་ཐག། ཁོང་གིས་སྲིད་འཛིན་བྷ་ཌན་གྱིས་མར་ཕབ་བཞག་པའི་སྲིད་འཛིན་ཟུར་པ་ཨན་ཌེར་ཇཱ་ཁི་སོན་མཆོག་གི་སྐུ་པར་ཞིག་ཕོ་བྲང་དཀར་པོའི་སྲིད་འཛིན་ལས་ཤག་གི་གྱང་ངོས་སུ་བསྐྱར་དུ་བཀལ་ཡོད་པ་རེད། དེ་ནི་ནང་ཆས་བཀོད་སྒྲིག་གནང་ཕྱོགས་ཙམ་མ་ཡིན་པར། ཌོ་ནལ་ཊམ་གྱིས་ཨན་ཌེར་ཇཱ་ཁི་སོན་ལ་བརྩི་བཀུར་ཡོད་པ་མཚོན་གྱི་ཡོད་པར་མ་ཟད། ཌོ་ནལ་ཊམ་དང་ཨན་ཌེར་ཇཱ་ཁི་སོན་རྣམ་གཉིས་ཀྱི་བཀའ་མོལ་གསུངས་སྟངས་དང་སྲིད་སྐྱོང་སྟངས་ལ་འདྲ་བའི་ཆ་ཆེན་པོ་ཡོད་པ་རེད།

སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས། “ཨན་ཌེར་ཇཱ་ཁི་སོན་ལ་མཛད་རྗེས་ཆེན་པོ་ཡོད་པ་དང་། ཁོང་གིས་དཔའ་མཛངས་དང་། བློ་བརྟན་འགྱུར་མེད། རྒྱལ་ཁབ་ལ་གཅེས་པའི་དགོངས་བཞེས་བཅས་ལ་བརྟེན་ནས་དོན་དག་དེ་དག་བསྒྲུབས་ཐུབ་ཡོད་པ་རེད། གང་ལྟར་ཁོང་ནི་ང་ཚོའི་སྲིད་འཛིན་རླབས་ཆེན་གྱི་གྲས་ཤིག་རེད།” ཅེས་གསུངས།

ཨ་རིའི་ནུབ་རྒྱུད་ཀྱི་ཞིང་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བའི་ཨན་ཌེར་ཇཱ་ཁི་སོན་ནི། ཨ་ཕོ་ལ་ཆེན་རི་རྒྱུད་ནས་བྱུང་བའི་སྲིད་འཛིན་ཐོག་མ་དེ་ཡིན་པ་རེད།

ཨན་ཌེར་ཇཱ་ཁི་སོན།
ཨན་ཌེར་ཇཱ་ཁི་སོན།

རྗེས་སུ་ཁོང་ཉིད་ས་ཁང་ས་ཞིང་ཕྱུག་པོ་ཡོད་པ་དང་། དམག་དཔོན་སྙན་གྲགས་ཅན་ཞིག་ཏུ་གྱུར་ཀྱང་། ཤར་ཕྱོགས་མངའ་ཁུལ་གྱི་གོ་གནས་མཐོ་བའི་སྲིད་དོན་པའི་ཚོགས་སྡེར་མི་མཉེས་པའི་དགོངས་པ་དེ་སྐུ་ཚེ་གང་པོའི་རིང་ལ་རྒྱུན་འཁྱོངས་གནང་ཡོད་པ་རེད།

༡༨༢༤ ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཨན་ཌེར་ཇཱ་ཁི་སོན་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་མང་ཤོས་ཐོབ་ཀྱང་མང་མོས་མ་ཐོབ་པར་བརྟེན། གྲོས་ཚོགས་འོག་མས་ཇཱོན་ཁུན་སི་ཨ་ཌམ་ས་John Quincy Adams ལ་འོས་འདེམས་བྱུང་བའི་ཐག་གཅོད་བྱས་པ་དང་། ཨན་ཌེར་ཇཱ་ཁི་སོན་གྱིས་ཐག་གཅོད་དེར་རུལ་སུངས་ཀྱི་བརྗེ་ཚོང་ཞེས་སྐྱོན་བརྗོད་གནང་ཡོད་པ་རེད།

༡༨༢༨ ལོར་ཁོང་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས། ཁོང་གིས་ཤར་ཕྱོགས་ཀྱི་གོ་གནས་མཐོ་བའི་དཔོན་རིགས་ཚོའི་ལག་ཆར་གྱུར་ཡོད་པའི་རྒྱལ་ཡོངས་དངུལ་ཁང་དེ་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་བ་ལམ་ལྷོང་བྱུང་བར་མ་ཟད། ཁོང་གི་རྒྱབ་སྐྱོར་བ་ཚོས་དབུས་གཞུང་གི་ལས་གནས་ལས་བརྒྱ་ཆ་བཅུ་ཙམ་བླངས་ཐུབ་ཡོད་པ་རེད།

དེ་བཞིན་སྲིད་འཛིན་ཨན་ཌེར་ཇཱ་ཁི་སོན་ནི་ཨ་རིའི་མཐའ་མཚམས་ས་ཁུལ་དུ་རྒྱ་བསྐྱེད་གཏོང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཏུ་དྲན་གསོ་བྱེད་བཞིན་ཡོད་པ་དང་། དམག་དཔོན་གྱི་ལས་ཡུན་རིང་ཧྥུ་ལོ་རི་ཌའི་ས་ཁུལ་བཙན་བཟུང་བྱས་པ་དང་། སྲིད་འཛིན་ཆགས་རྗེས་ཨ་རིའི་གདོད་མའི་མི་རིགས་གནས་སྤོའི་ཁྲིམས་ལུགས་ལག་བསྟར་བཏང་ནས། ཤར་ཕྱོགས་ཀྱི་གདོད་མའི་མི་རིགས་ཡོངས་རྫོགས་ནུབ་ཕྱོགས་སུ་གནས་སྤོ་བྱས་བཅུག་ཐོག་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། ཇཱ་ཁི་སོན་གྱི་ཆབ་སྲིད་རྒྱབ་སྐྱོར་བ་གཙོ་བོ་ནི་མཐའ་མཚམས་ཀྱི་ཞིང་པ་དབུལ་པོ་རྣམས་ཡིན་པ་དང་། ཁོ་ཚོར་ས་ཆ་རྒྱ་ཆེན་པོ་གསར་སྦོལ་བྱེད་པའི་གོ་སྐབས་བསྐྲུན་པ་བརྒྱུད་ནུབ་ཕྱོགས་སུ་མུ་མཐུད་རྒྱ་བསྐྱེད་གཏོང་རྒྱུའི་གཞི་རྟེན་བཏིང་ཡོད་པ་རེད།

ད་ལྟ་ཨན་ཌེར་ཇཱ་ཁི་སོན་ནི་ཨ་རིའི་དཀྱུས་དམངས་རིང་ལུགས་པའི་སྲིད་འཛིན་དང་པོར་བརྩི་བཞིན་ཡོད་པ་དང་། དཀྱུས་དམངས་རིང་ལུགས་ཞེས་པའི་ཐ་སྙད་དེ་ད་ཆ་ཌོ་ནལ་ཊམ་ཕུ་དང་ཧང་གྷ་རིའི་སྲིད་འཛིན་ཨོར་པན་ལྟ་བུའི་འཛམ་གླིང་གི་དབུ་ཁྲིད་གཞན་མང་པོར་ཡང་སྦྱར་སྲོལ་ཡོད་ཀྱང་། དཀྱུས་དམངས་རིང་ལུགས་ཞེས་པ་ནི་མི་དམངས་ཀྱིས་དབང་སྒྱུར་བྱེད་པའི་དོན་མིན་པར། དབུ་ཁྲིད་རང་ཉིད་གོ་གནས་མཐོ་བའི་རྒྱབ་ལྗོངས་ནས་ཡོང་བ་ཡིན་ནའང་། མི་དམངས་ཀྱི་སྡུག་བསྔལ་སེལ་མཁན་གྱི་ངོ་བོར་ལམ་ལྷོང་ལྡན་པའི་སྒོ་ནས་སྒྱུར་ཐུབ་པའི་དོན་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG