༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེ་ལམ་གྷ་ཛའི་མི་དམངས་རྣམས་ཉེ་འབྲེལ་རྒྱལ་ཁབ་ཇོར་ཌན་དང་ཨི་ཅེབ་ཁུལ་དུ་གནས་སྤོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལས་བརྒལ་ཏེ། ད་ཆ་ཨ་རིས་གྷ་ཛ་ས་ཁུལ་གྱི་སྟངས་འཛིན་དབང་ཆ་བླང་རྒྱུའི་འདོད་པ་ཡོད་པ་གསུངས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཕཱ་ཚི་ཝ་ཌ་ཁ་སི་ཝ་ར་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གཤམ་ལ་གཟིགས་འཚལ།
སྤྱི་ཟླ་དང་པོའི་ཚེས་༡༩ ཉིན་ཨི་སི་རལ་དང་ཧ་མ་སིའི་གཉིས་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་མོས་སྙོམས་ཀྱིས་བཞག་པའི་རྗེས་སུ། གྷ་ཛའི་མི་དམངས་ཁྲི་སྟོང་མང་པོ་གཏོར་བཤིག་ཐེབས་ཟིན་པའི་ཁོང་ཚོའི་གཞིས་ཁྱིམ་དུ་ཕྱིར་ལོག་བྱེད་བཞིན་པའི་སྐབས་འདིར། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་རེས་གཟའ་མིག་དམར་ཉིན་ལ་ཧ་ལས་ཧང་སངས་སུ་བཅུག་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས། "ཨ་རིས་གྷ་ཛ་ས་ཁུལ་གྱི་དོ་དམ་དབང་ཆ་བླང་རྒྱུ་ཡིན། ང་ཚོས་དེར་འཛིན་སྐྱོང་ཡག་པོ་བྱ་རྒྱུ་ཡིན།"ཞེས་གསུངས།
ཊམ་གྱི་བཀའ་མོལ་དེ་བཞིན་ཉེ་ལམ་ཟླ་བ་གོང་མའི་ནང་གྷ་ཛའི་མི་དམངས་རྣམས་ཉེ་འབྲེལ་རྒྱལ་ཁབ་ཇོར་ཌན་དང་ཨི་ཅེབ་ཁུལ་དུ་གནས་སྤོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལས་བརྒལ་ཏེ། ད་ཆ་ཁོང་གིས་ཁུལ་དེ་ནི་"དཀྱིལ་ཤར་མངའ་ཁུལ་གྱི་རི་ཝི་ཨེ་ར་Riviera"ཞེས་སུ་འབོད་པའི་ས་ཆ་ཞིག་ཏུ་ཆགས་འཇུག་ཐུབ་རྒྱུའི་ཐུགས་རེ་གནང་ཡོད་ཀྱི་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས། "ངས་དེའི་སྐོར་སྐད་ཆ་བཤད་མྱོང་བའི་མི་ཚང་མས་ཨ་རིས་ས་ཆ་དེར་བདག་དབང་ཡོད་རྒྱུར་དགའ་པོ་བྱེད་ཀྱི་འདུག། ང་ཚོས་ས་ཆ་དེར་གསར་སྦོལ་དང་བསྔོག་འདོན་བྱས་པ་ཡིན་ན། ལས་ཀའི་ས་མིག་སྟོང་ཕྲག་མང་པོ་བསྐྲུན་ཐུབ་རྒྱུ་ཙམ་མ་ཟད། ཡིད་དབང་འཕྲོག་པའི་ས་གནས་ཤིག་བཟོ་ཐུབ་ཀྱི་རེད། ས་ད་དེར་ད་ལྟ་འཆི་བའི་སྡུག་བསྔལ་དང་། གཏོར་བཤིག་མ་གཏོགས་གཞན་གང་ཡང་མཐོང་རྒྱུ་མི་འདུག། "ཅེས་གསུངས་འདུག།
གསལ་བསྒྲགས་དེ་བཞིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོ་ནས་ཨི་སི་རལ་གྱི་སྲིད་བློན་བྷན་ཇཱ་མན་ནེ་ཐ་ཡ་ཧུ་ལ་སྣེ་ལེན་གནང་དུས་བསྐྱངས་ཡོད་པ་རེད།
ཨི་སི་རལ་གྱི་སྲིད་བློན་བྷན་ཇ་མེན་ནེ་ཐ་ཡ་ཧུ་མཆོག་གིས། "ངས་སྔོན་མ་ནས་བཤད་ཡོད། ད་ལྟ་ཡང་བསྐྱར་ཐེངས་ཤིག་བཤད་ཀྱི་ཡིན། ཁྱེད་ནི་ཕོ་བྲང་དཀར་པོའི་ནང་གི་ཨི་སི་རལ་གྱི་གྲོགས་པོ་ཡག་ཤོས་དེ་རེད།" ཅེས་གསུངས།
དེ་ལྟ་ནའང་། ཌོ་ནལ་ཊམ་གྱིས་དུས་ཡིན་ཟླ་ངོ་༡༥ རིང་ལ་དམག་འཁྲུག་བརྒྱབ་པའི་ཡུལ་གྲུ་དེར་སྟངས་འཛིན་ཇི་ལྟར་བྱ་རྒྱུ་ཡིན་མིན་སྐོར་གྱི་འཆར་གཞི་ཞིབ་ཕྲ་གསལ་སྟོན་གནང་མེད་པ་དང་། ཁོང་གིས་ཨ་རིའི་དམག་དཔུང་དེར་གཏང་སྲིད་པར་ཡང་དགག་བྱ་གནང་མེད་པ་རེད། ཨ་རིས་གྷ་ཛ་ལུང་གཤོངས་བདག་བཟུང་བྱ་རྒྱུའི་འཆར་གཞི་དེ་དང་། ཁོང་གིས་ཐུགས་རེ་གནང་བཞིན་པའི་ཨབ་ར་ཧམ་གྲོས་མཐུན་ནང་སོ་ཌི་ཨ་རབ་ཀྱང་དེའི་ཁོངས་སུ་འཇུག་རྒྱུའི་དམིགས་ཡུལ་དང་ཇི་ལྟར་མཐུན་མིན་གསལ་པོ་མེད་པ་རེད།
ཌོ་ནལ་ཊམ་གྱིས་༢༠༢༠ ལོར་ཨབ་ར་ཧམ་གྲོས་མཐུན་ཞེས་བྱ་བ་བཞག་སྟེ། ཨི་སི་རལ་དང་ཨ་རབ་རྒྱལ་ཁབ་དབར་འབྲེལ་ལམ་རྒྱུན་ལྡན་ཅན་དུ་བཏང་ཐུབ་ཡོད་པ་རེད།
སོ་ཌི་ཨ་རབ་ཀྱིས་གྷ་ཛའི་དམག་འཁྲུག་མཚམས་འཇོག་དང་། པ་ལི་སི་ཐན་གྱི་མི་དམངས་རྣམས་ལ་སོ་སོའི་རྒྱལ་ཁབ་འཛུགས་པའི་ལམ་ཁ་སྟེར་མཚམས་སུ། གཞི་ནས་ཨི་སི་རལ་གྱི་རང་དབང་རང་བཙན་གྱི་གནས་བབ་ཁས་ལེན་བྱ་རྒྱུའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།
དཀྱིལ་ཤར་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་མི་རེ་ཊེ་མཱ་བྷུ་རོའུ་ཁི་ལགས་ཀྱིས།"པ་ལི་སི་ཐན་གྱི་མི་དམངས་རྣམས་སོ་སོའི་ཁྱིམ་ནས་མཐའ་སྐྲོད་བཏང་ནས། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་འཇུག་པ་དེ་ནི། ཕུགས་འཕེར་བའི་ལས་དོན་ཞིག་གི་འགོ་འཛུགས་སྟངས་ཤིག་མ་རེད། དེས་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། འོན་ཀྱང་། སྲིད་འཛིན་ཊམ་གྱིས་ཐག་གཅོད་མང་པོ་ཞིག་ལ་དགེ་སྐྱོན་ཅི་ཡོང་ང་ཚོས་གཞི་ནས་བལྟ་རྒྱུ་རེད། " ཅེས་གསུངས་འདུག།
གྷ་ཛ་ལུང་གཤོངས་དང་འབྲེལ་བའི་ཌོ་ནལ་ཊམ་གྱི་གསལ་བསྒྲགས་དེ་ནི། དེ་སྔོན་ཁོང་གིས་གྷི་ལིན་ལན་ཌི་གླིང་ཕྲན་ཉོ་སྒྲུབ་བྱ་རྒྱུ་དང་། པ་ན་མ་གྲུ་ཡུར་གྱི་དོ་དམ་དབང་ཆ་ཚུར་བླང་རྒྱུ། ཁ་ན་ཊ་བདག་བཟུང་བྱ་རྒྱུའི་སྐོར་སོགས་ལས་བརྩམས་པའི་རྒྱ་བསྐྱེད་རིང་ལུགས་ཀྱི་བརྗོད་ཚིག་གསར་ཤོས་དེ་ཡིན་པ་རེད།
བྷན་ཇཱ་མན་ནེ་ཐ་ཡ་ཧུ་དང་མཇལ་འཕྲད་མ་གནང་གོང་ལ། ཊམ་གྱིས་ཨི་རན་ལ་རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱ་ཆེད་དུ་"གནོན་ཤུགས་ཆེན་པོའི" སྲིད་ཇུས་བསྐྱར་གསོ་བྱེད་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།
དེ་ལས་གཞན་ཁོང་གིས་ད་དུང་པ་ལིོ་སི་ཐན་གྱི་སྐྱབས་བཅོལ་བར་རོགས་རམ་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལ་རྒྱབ་སྐྱོར་མཚམས་འཇོག་བྱས་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་བཞིན་ཇིའུ་མི་རིགས་ལ་ངོ་རྒོལ་བྱེད་མཁན་དུ་ངོས་འཛིན་གྱི་ཐོག་ནས་ཨ་རི་ལྷན་ཚོགས་དེའི་ཁོངས་ནས་ཕྱིར་འཐེན་གནང་ཡོད་པ་རེད།
གླེང་སྟེགས།