༄༅།། སྲིད་འཛིན་ཊམ་གྱིས་པ་ལི་སི་ཐན་བ་ཚོ་གཏན་དུ་ས་གནས་གཞན་ལ་སྤོ་དགོས་པ་དང་ཨ་མི་རི་ཀས་གྷ་ཛ་ཐང་གཤོངས་བླངས་ནས་བདག་པོ་རྒྱག་ཆོག་ཅེས་བསམ་ཚུལ་བཏོན། ཕྱི་ཟླ་༢་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊམ་དང་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་གཉིས་ཀྱིས་ཕོ་བྲང་དཀར་པོར་མཉམ་འབྲེལ་གསར་འགོད་ལྷན་ཚོགས་མ་བསྐོངས་སྔོན་དེར་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་གྷ་ཛ་ཐང་གཤོངས་ལ་བདག་པོ་བརྒྱབ་སྟེ་མཚོ་ཁའི་ས་གནས་དེ་འཕེལ་རྒྱས་གཏང་ཆོག པ་ལི་སི་ཐན་བ་ཚོ་གཏན་དུ་ཕྱི་ལོགས་སུ་སྤོས་ནས་ཁྱིམ་གཞིས་གསར་དུ་ཆགས་དགོས་ཞེས་བསྒྲགས། ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་ལོ་གཅིག་ལྷག་ལ་འཐབ་འཁྲུག་བརྒྱབ་སྟེ་པ་ལི་སི་ཐན་བ་ས་ཡ་གཉིས་ལྷག་ཆགས་ས་རྟེན་ས་མེད་པར་གྱུར། ཉིན་ཤས་གོང་དེར་སྲིད་འཛིན་ཊམ་གྱིས་ཨི་ཇེབ་དང་འཇོར་ཌན་གཉིས་ལ་གྷ་ཛའི་པ་ལི་སི་ཐན་བ་རྣམས་ལེན་དགོས་ཞེས་ནན་གྱིས་བསྐུལ།།
སྲིད་འཛིན་ཊམ་གྱི་བསམ་ཚུལ་དེས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་མེ་འཕེན་མཚམས་འཇོག་དང་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་བཏང་སྟེ་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་པར་འགལ་རྐྱེན་གསར་པ་ཞིག་བསླངས། པ་ལི་སི་ཐན་བ་ས་ཡ་༡་དང་འབུམ་༨་ལྷག་གིས་གྷ་ཛ་ཐང་གཤོངས་ལ་རང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ཞེས་འབོད། སྲིད་འཛིན་ཊམ་གྱིས་ངས་བལྟས་ན་མི་རྣམས་གྷ་ཛར་ཕྱིར་ལོག་བྱེད་མི་ཉན། ད་ལྟའི་སྐབས་འདིར་གྷ་ཛ་ཐང་གཤོངས་སུ་མི་རྣམས་འཚོ་གནས་མི་ཐུབ། ངའི་སེམས་པར་ང་ཚོར་ས་ཆ་གཞན་ཞིག་དགོས་ཀྱི་འདུག མི་རྣམས་སྐྱིད་ས་ཞིག་ཏུ་ཁྱིམ་གཞིས་ཆགས་ཐབས་བྱེད་དུ་འཇུག་དགོས། ཨ་མི་རི་ཀས་འཛུགས་སྐྲུན་བྱས་ནས་གྷ་ཛ་འཛམ་གླིང་གི་ས་གནས་རྩེ་ཕུད་ཅིག་ཏུ་བསྒྱུར་ཆོག་ཅེས་བཤད། སྲིད་འཛིན་ཊམ་གྱི་བསམ་ཚུལ་དེ་ཨ་མི་རི་ཀས་ལོ་བཅུ་ཕྲག་མང་པོར་ཨི་སི་རལ་དང་པ་ལི་སི་ཐང་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་ཞེས་བསྒྲགས་པའི་སྲིད་ཇུས་ལ་ཡོངས་སུ་འགལ།།
ཧ་མ་སི་ཤོག་ཁག་གིས་ཨལ་ཇཱེ་ཛི་ར་གསར་ཁང་བརྒྱུད་ནས་ཌོ་ནལ་ཊམ་གྱི་བསམ་ཚུལ་དེ་འཁྲུག་རྐྱེན་སློང་ཐབས་ཤིག་རེད། ཁོ་པས་ཨི་སི་རལ་ལ་མི་རིགས་གཙང་སེལ་དང་པ་ལི་སི་ཐན་བ་ཚོ་མཐར་སྐྲོད་བཏང་བའི་དམག་འཁྲུག་གི་ནག་ཉེས་ཡོད་པར་འགན་འཁྲི་ལེན་དུ་བཅུག་སྟེ་ཁྲིམས་གཅོད་བྱ་རྒྱུའི་ཚབ་ཏུ་བྱ་དགའ་སྤྲོད་ཀྱི་འདུག ཊམ་གྱིས་གྷ་ཛ་བ་ཚོ་ཕྱི་ལ་མ་སྤོས་ཐབས་མེད་རེད་ཅེས་བསམ་ཚུལ་བཏོན་པར་ངོ་རྒོལ་ཡོད། ང་ཚོས་བསམ་ཚུལ་དེ་འཁྲུག་རྐྱེན་དང་ཟིང་ཆ། དཀྱིལ་ཤར་ས་ཁུལ་དུ་ཛ་དྲག་སློང་ཐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དགག་པ་བརྒྱབ། པ་ལི་སི་ཐན་དབང་འཛིན་ལྷན་ཁང་གིས་ཀྱང་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་བྱེད་པའི་ཚོགས་ཆུང་བཙུགས་ཟིན། གྷ་ཛའི་ལས་དོན་འཛིན་སྐྱོང་ཚོགས་ཆུང་གིས་མི་དམངས་ལ་འཐུང་ཆུ་དང་གློག་བསྐྱར་འཐེན། མང་ཚོགས་ཀྱི་སྨན་བཅོས་དང་བུ་ཕྲུག་གི་ཤེས་ཡོན་སློབ་གསོ་བཅས་ལ་འགན་ཁུར་ལེན་འཆར་ཡོད་ཅེས་གསལ་བསྒྲས་སྤེལ།།
༢༠༠༦་ལོའི་པ་ལི་སི་ཐན་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྐབས་སུ་ཧ་མ་སི་ཤོག་ཁག་ལ་གྷ་ཛ་ཐང་གཤོངས་སུ་རྒྱལ་ཁ་ཐོབ། དེ་ནས་བཟུང་སྟེ་ནུབ་འགྲམ་གྱི་པ་ལི་སི་ཐན་དབང་འཛིན་ཤོག་ཁག་གིས་གྷ་ཛ་ཐང་གཤོངས་ལ་འཛིན་སྐྱོང་གི་ནུས་པ་ཉམས། དེང་སྐབས་ཧ་མ་སི་ཤོག་ཁག་གི་སྟོབས་ཤུགས་ཟད་ཡོད་ཀྱང་པ་ལི་སི་ཐན་དབང་འཛིན་ཤོག་ཁག་ལ་མཉམ་འབྲེལ་བྱ་རྒྱུ་ཡིན་མིན་བཤད་དཀའ། པ་ལི་སི་ཐན་དབང་འཛིན་ཤོག་ཁག་གིས་གྷ་ཛ་འཛུགས་སྐྲུན་ཚོགས་ཆུང་བཙུགས་ཡོད་པ་དེར་ཧ་མ་སི་ཤོག་ཁག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། ཨི་སི་རལ་གྱིས་དམག་འཁྲུག་མཇུག་བསྒྲིལ་བའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱེད་བཞིན་པའི་པ་ལི་སི་ཐན་དབང་འཛིན་ཤོག་ཁག་ལ་གྷ་ཛའི་ལས་དོན་དེར་ཐེ་ཇུས་བྱེད་དུ་འཇུག་རྒྱུ་མིན་ཟེར། སྲིད་བློན་ནེ་ཐན་ཡ་ཧུ་དང་དེའི་རྒྱབ་སྐྱོར་བ་འཇིའུ་མི་རིགས་མཁྲེགས་འཛིན་པ་ཚོས་ཨི་སི་རལ་གྱི་དམག་གིས་གྷ་ཛ་བཟུང་ནས་དབང་བསྒྱུར་བྱ་དགོས་ཞེས་ཐབས་ཇུས་བསྟན།།
ཕྱི་ཟླ་༢་པའི་ཚེས་༥་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་གཞུང་གིས་སྲིད་འཛིན་ཊམ་གྱིས་པ་ལི་སི་ཐན་བ་ཚོ་གཏན་དུ་གྷ་ཛ་ནས་ས་གནས་གཞན་ལ་སྤོ་དགོས་པའི་གྲོས་གཞི་བཏོན་པར་ངོ་རྒོལ་ཡོད། པ་ལི་སི་ཐན་བ་ཚོ་རང་ཁྱིམ་ནས་མཐར་སྐྲོད་གཏོང་རྒྱུ་དེ་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་ཡིན་ཞིང་། དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་ངེས་རེད་ཅེས་བཤད། ཧྥ་རན་སིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཁེ་རེ་སི་ཊོ་ཧྥར་ལེ་མོ་ནེས་(Christophe Lemoine)་གྷ་ཛའི་པ་ལི་སི་ཐན་བ་ཚོ་བཙན་གྱིས་མཐར་སྐྲོད་གཏོང་རྒྱུ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་ནི་པ་ལི་སི་ཐན་མི་དམངས་ལ་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པ་དེར་རྡོག་བརྫིས་བཏང་བ་རེད། ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་པའི་དགོངས་དོན་ལའང་མི་མཐུན། ང་ཚོའི་མཐུན་གྲོགས་ཨི་ཇེབ་དང་འཇོར་ཌན། དཀྱིལ་ཤར་ས་ཁུལ་ཡོངས་སུ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་ས་རེད་ཅེས་ཉེན་བརྡ་བཏང་འདུག
ནེའུ་ཛི་ལན་ཌི་དང་ཨོ་གླིང་གཞུང་གིས་ཀྱང་ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། ཨོ་གླིང་གི་སྲིད་བློན་ཨལ་བྷ་ནེ་སིས་ང་ཚོས་མེ་འཕེན་མཚམས་འཇོག་དང་མི་གཏའ་བཙན་ཉར་གློད་གྲོལ། གྷ་ཛ་ཐང་གཤོངས་སུ་མི་ཆོས་རིང་ལུགས་ཀྱི་སྐྱོབ་གསོ་སྐྱེལ་འདྲེན་བྱ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། འདི་ནི་ཨོ་གླིང་གཞུང་གི་རྒྱུན་ཆགས་སྲིད་ཇུས་ཡིན། ཨ་རིའི་སྲིད་འཛིན་གྱི་བསམ་ཚུལ་ལ་ངས་འགྲེལ་བརྗོད་གང་ཡང་བྱ་རྒྱུ་མིན། ངས་དེ་གསལ་པོར་བཤད་ཡོད་ཅེས་ཌོ་ནལ་ཊམ་གྱིས་པ་ལི་སི་ཐན་བ་ཚོར་གྷ་ཛ་ནས་གཏན་དུ་སྤོ་དགོས་པའི་བསམ་ཚུལ་བཏོན་པར་རྒྱབ་སྐྱོར་རམ། ཡང་ན་ངོ་རྒོལ་གྱི་གླེང་སློང་ཅི་ཡང་མ་བྱས། དེ་བཞིན་འཇར་མན་གཞུང་གིས་ཌོ་ནལ་ཊམ་གྱི་འཆར་གཞི་དེར་ངོ་རྒོལ་ཡོད་ཅེས་གསལ་བསྒྲགས་སྤེལ། ཕྱི་སྲིད་བློན་ཨ་ན་ལི་ན་བྷེར་བྷོག་གིས་གྷ་ཛ་ནི་ནུབ་འགྲམ་དང་ཤར་ཇཱེ་རུ་ས་ལམ་ལྟར་པ་ལི་སི་ཐན་བ་ཚོར་ཐོབ་ཀྱི་རེད་ཅེས་བཀྲལ།།
དེ་རིང་གཟའ་ལྷག་པའི་ཞོགས་པར་ཡུ་རོབ་རྒྱལ་ཁབ་སི་པེན་གཞུང་གིས་གྷ་ཛ་ཐང་གཤོངས་ནི་པ་ལི་སི་ཐན་བ་ཚོའི་ས་ཆ་རེད། ང་ཚོས་དེ་གསལ་པོ་བྱས་ནས་བཤད་ཀྱི་ཡོད་ཅེས་ཕྱི་སྲིད་བློན་ཆེན་ནས་ནན་གྱིས་བརྗོད། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ནས་ཌོ་ནལ་ཊམ་གྱིས་གྷ་ཛ་ཐང་གཤོངས་སུ་གཏོར་བཤིག་ཐེབས་ཏེ་ས་རོ་རྡོ་རོ་ལས་ལྷག་མི་འདུག་ཟེར་བ་བདེན་པ་རེད། ཡིན་ནའང་དབྱིན་ཇིའི་གཞུང་གིས་རྟག་ཏུ་ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་འཛུགས་དགོས་པའི་ལངས་ཕྱོགས་བཟུང་ཡོད་པར་འགྱུར་བ་མེད། པ་ལི་སི་ཐན་བ་ཚོ་ངེས་པར་དུ་གྷ་ཛ་དང་ནུབ་འགྲམ་གྱི་རང་ཡུལ་དུ་འཚོ་གནས་ཐུབ་པ་དང་ཡར་རྒྱས་གཏང་དགོས་ཞེས་གསལ་སྟོན་བྱས་འདུག ཏུར་ཀིའི་ཕྱི་སྲིད་བློན་ཆེན་གྱིས་པ་ལི་སི་ཐན་བ་ཚོ་མཐར་སྐྲོད་བཏང་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་འཐབ་འཁྲུག་ཞི་འཇམ་གཏོང་མི་ཐུབ་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་པ་ལི་སི་ཐན་བ་ཚོ་གྷ་ཛ་ནས་བཙན་གྱིས་མཐར་སྐྲོད་གཏོང་རྒྱུ་དེར་ངོ་རྒོལ་ཡོད་ཅེས་བཤད་འདུག
ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་ས་གནས་གཞན་དུ་སྤོ་དགོས་པའི་གྲོས་གཞི་བཏོན་པར་སོ་ཌི་ཨ་རི་བྷི་ཡའི་གཞུང་གིས་ངོ་རྒོལ་དྲག་པོ་བྱས་ཡོད་པ་སྟེ། སོ་ཌི་ཨ་རེ་བྷི་ཡའི་ཕྱི་སྲིད་ལྷན་ཁང་གིས་ང་ཚོས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་འཛུགས་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་བརྟན་པོ་ཡིན་ཞེས་གསལ་བསྒྲགས་བཀྲམ། ཁྲི་འཛིན་རྒྱལ་སྲས་མྷོ་མེ་ད་བིན་སལ་མན་གྱིས་ཤར་ཇཱེ་རུ་ས་ལམ་རྒྱལ་སར་གྱུར་པའི་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེར་སོ་ཌི་ཨ་རེ་བྷི་ཡས་འབད་བརྩོན་བྱ་རྒྱུ་མཚམས་འཇོག་གི་མེད། སོ་ཌི་ཨ་རེ་བྷི་ཡའི་ཆ་རྐྱེན་དེ་མ་གྲུབ་པར་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་རྒྱུ་མིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཨི་སི་རལ་གྱིས་གཞིས་ཆགས་རྒྱ་སྐྱེད་དང་པ་ལི་སི་ཐན་བ་ཚོའི་ས་ཆ་བཙན་འཕྲོག པ་ལི་སི་ཐན་བ་ཚོ་རྒྱང་ཕུད་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་ལངས་ཕྱོགས་བསྐྱར་དུ་བཟློས། ཌོ་ནལ་ཊམ་གྱི་སྐད་ཆ་དེས་སོ་ཌི་ཨ་རེ་བྷི་ཡ་དང་ཨི་རི་ལ་གྱིས་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱེད་བཞིན་པར་འགོག་རྐྱེན་སློང་སྲིད་དོ།།
གླེང་སྟེགས།