ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གི་པུར་ཆོག་ཁང་རྣམས་ཚད་ལས་བརྒལ་བའི་རུལ་སུངས་སུ་གྱུར།


རྒྱ་ནག་ཀྲེ་ཅེ་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་པའི་དུར་ཁྲོད་ཅིག་གི་མཁའ་དབྱིངས་ཀྱི་མཐོང་སྣང་། ལོ་ངོ ༢༠༡༥ ཟླ ༣ ཚེས ༢༦ ཉིན།
རྒྱ་ནག་ཀྲེ་ཅེ་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་པའི་དུར་ཁྲོད་ཅིག་གི་མཁའ་དབྱིངས་ཀྱི་མཐོང་སྣང་། ལོ་ངོ ༢༠༡༥ ཟླ ༣ ཚེས ༢༦ ཉིན།

༄༅།། རྒྱ་ནག་གཞུང་གིས་ས་གནས་ཁག་ཅིག་གི་པུར་ཆོག་ཁང་རྣམས་ཚད་ལས་བརྒལ་བའི་རུལ་སུངས་སུ་གྱུར་འདུག་ཅེས་བསྒྲགས། ཕྱི་ཟླ་༨་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་སྔོན་མར་རྒྱ་ནག་གི་གཞུང་གཉེར་ཕེང་པེ་(澎湃新闻)་གསར་ཤོག་ནང་དུ་རྒྱལ་ནང་གི་པུར་ཆོག་ཁང་དང་པུར་སྲེག་ཁང་། དུར་ས་གཉེར་སྐྱོང་ཚོང་ལས་ཁག་གིས་ཁྲིམས་འགལ་གྱི་གླ་རིན་བླངས། པུར་སྲེག་ཁང་འགའ་ཤས་ཀྱིས་ལོ་མང་རིང་གཤིན་པོ་སྟོང་ཕྲག་མང་པོའི་ཕུང་པོ་བརྐུས་ཏེ་སྨན་ཁང་ཁག་ཏུ་བཙོངས། གཤིན་པོའི་བཟའ་མི་ཚོར་ཕག་རུས་བསྲེགས་པའི་ཐལ་བ་སྤྲད་ནས་མགོ་སྐོར་ཐེབས། བཅོས་རིག་ལ་འདས་པའི་བཟའ་མི་ཚོར་སེམས་གསོ་བྱེད་དུ་བཅུག་ནས་གླ་རིན་ལེན་གྱི་ཡོད་པའི་གསར་འགྱུར་ཐོན་འདུག ༢༠༡༢་ལོར་ཞིས་ཅིན་ཕིང་གི་སྲིད་དབང་བཟུང་སྟེ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་འགོ་ཚུགས། ད་ལྟ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་པུར་ཆོག་ཁང་དང་པུར་སྲེག་ཁང་། དུར་སའི་ཚོང་ལས་ཁག་ཏུ་ཁྱབ་སྟེ་འགོག་ཐབས་མེད་པ་ཞིག་ཏུ་གྱུར།།

དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཉིན་རེའི་ཚགས་པར་གྱིས་ཨན་ཧུའི་དང་ཀོང་ཏུང་། ཅང་སུའུ་དང་ཅང་ཤི། ཅི་ལིན་དང་ལེའོ་ཉིང་། སི་ཁྲོན་དང་ཡུན་ནན་ཞིང་ཆེན་བཅས་ཀྱི་པུར་ཆོག་ཁང་ཁག་གི་ལས་སྣེ་ཚོས་ཁྲིམས་འགལ་སྣ་ཚོགས་ཤིག་བྱེད་ཀྱི་འདུག་ཅེས་གསར་འགྱུར་སྤེལ། དེ་བཞིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ནང་དུའང་ད་ལོའི་མགོ་སྟོད་ནས་པུར་ཆོག་ཁང་ཁག་ལ་ཞིབ་འཇུག་བྱས་པའི་རྗེས་སུ་ཁྲིམས་འགལ་ཇི་སྙེད་ཅིག་འབྱུང་གི་ཡོད་པ་རྩད་གཅོད་ཐུབ་འདུག ཨན་ཧུའི་དང་ལེའོ་ཉིང་། ཅི་ལིན་ཞིང་ཆེན་གསུམ་གྱི་པུར་ཆོག་ཁང་ཁག་གིས་འདས་འཇུག་གི་ལས་བྱེད་སྒོ་དེར་གླ་ཡོན་ཚད་མེད་ལེན་གྱི་ཡོད་པ་དང་ཁྲིམས་འགལ་གྱི་པུར་ཆོག་ཁང་འཛུགས་སྐྲུན། དུར་ས་གསར་པ་སྒོ་ཕྱེ་ནས་ཁྲིམས་འགལ་བྱེད་ཀྱི་འདུག ཨན་ཧུའི་ཞིང་ཆེན་གྱི་ཧུའེ་ནན་གྲོང་ཁྱེར་གྱི་པན་ཅི་རྫོང་པུར་ཆོག་ཁང་གི་ལས་བྱེད་པ་ཀྲང་ཏོ་(Zhang Duo)་བཀག་ཉར་བྱས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

༢༠༡༦ ལོའི་ཟླ་བ་བཞི་པའི་ཚེས་གསུམ་ཉིན། གཟའ་ཉི་མའི་ཉིན། པེ་ཅིང་གི་ཆིང་མིང་དུས་ཆེན་གྱི་སྐབས་སུ་བྷའོ་ཧྲན་དུར་ཁྲོད་དུ་བུད་མེད་ཅིག་གིས་འདས་པོ་དེའི་དུར་བྱང་སྟེང་གི་མིང་ཡིག་བསྐྱར་དུ་བྲིས།
༢༠༡༦ ལོའི་ཟླ་བ་བཞི་པའི་ཚེས་གསུམ་ཉིན། གཟའ་ཉི་མའི་ཉིན། པེ་ཅིང་གི་ཆིང་མིང་དུས་ཆེན་གྱི་སྐབས་སུ་བྷའོ་ཧྲན་དུར་ཁྲོད་དུ་བུད་མེད་ཅིག་གིས་འདས་པོ་དེའི་དུར་བྱང་སྟེང་གི་མིང་ཡིག་བསྐྱར་དུ་བྲིས།

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༦་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༠་ལོར་རྒྱ་ནག་རྒྱལ་ཡོངས་སུ་གཤིན་པོ་ཚོར་ཨ་སྒོར་དུང་ཕྱུར་༣༦༠་འདས་འཇུག་གི་འགྲོ་གྲོན་བཏང་ཡོད་ཅིང་། ༢༠༡༥་ལོར་ཞིན་ཧྭ་གསར་ཁང་གིས་ཞིབ་འཇུག་བྱས་ནས་པུར་ཆོག་ཁང་དེ་དག་གིས་པུར་བུམ་དང་གཤིན་གོས་ལ་རིན་གོང་འཐོལ་པ་བརྒྱབ་སྟེ་ཁེ་སང་བཟས། གཞུང་གི་ལས་བྱེད་པ་ཚོས་ཁེ་སང་དེ་ནས་སྐལ་བ་བླངས། ཀོང་ཀྲུག་གྲོང་ཁྱེར་གྱི་པུར་ཆོག་ཁང་ཞིག་གི་འགན་འཛིན་དང་འགན་འཛིན་གཞོན་པ་གཉིས་ཀྱིས་ལོ་༧་ལ་ཤོག་གུའི་རོ་སྒམ་བཟོ་གྲྭ་ཞིག་ལ་ཁ་མཐུན་བྱས་ནས་མི་རེས་རྒྱ་སྒོར་༢༥༠༠༠༠་རེ་ཁེ་སང་བཟས་ཡོད་པ་རྩད་གཅོད་བྱུང་། རྒྱ་ནག་གི་སྲོལ་རྒྱུན་ལ་ཕུང་པོ་དུར་འཇུག་བྱ་དགོས་ཀྱང་ས་ཆ་དཀོན། རྒྱ་ནག་གཞུང་གིས་ཕུང་པོ་དུར་འཇུག་བྱེད་དུ་འཇུག་གི་མེད་པས་པུར་སྲེག་ཁང་འགའ་ཤས་ཀྱིས་ཕུང་པོ་བསྲེགས་པའི་དཔང་ཡིག་རྫུན་མ་སྤྲད། གཤིན་པོའི་བཟའ་མི་ཚོའི་ལག་ནས་དངུལ་སྒོར་བླངས་ཏེ་ཕུང་པོ་དུར་སྤས།།

ཧྲན་ཏུང་ཞིང་ཆེན་གྱི་དབྱི་ནན་རྫོང་པུར་ཆོག་ཁང་གིས་རྩྭ་གསོབ་དང་ཉལ་ཐུལ། འགྱིག་སོགས་ཀྱི་ཕུང་པོ་རྫུན་མ་བཟོས་ནས་མེ་རུ་བསྲེགས། ཁྱིམ་ཚང་༦༠་ལྷག་ལ་པུར་སྲེག་གི་དཔང་ཡིག་རྫུན་མ་སྤྲད་ནས་རྒྱ་སྒོར་༢༠༠༠༠༠་ལྐོག་རྔན་བཟས། སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་སྣེ་ཚོས་ཏ་ཀྲུག་གྲོང་ཁྱེར་གྱི་པུར་ཆོག་ཁང་ཁག་ལ་ཞིབ་འཇུག་བྱས་ནས་མི་༦་བཀག་ཉར་བྱས་པ་དང་མི་༨༩་ཁྲིམས་ལ་སྦྱར། ཆུའི་ཤན་རྫོང་པུར་ཆོག་ཁང་གི་གཉེར་པ་དབྱང་ཏའོ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་ཀྱང་ནག་ཉེས་ཅི་ཡིན་གསལ་བཀྲོལ་མ་བྱུང་། དབྱང་ཏོ་ཡིས་ལོ་༣༠་ལྷག་ལ་པུར་ཆོག་ཁང་གཉིས་ཀྱི་ནང་དུ་ཚོང་ལས་གཉེར། ཅི་ལིན་ཞིང་ཆེན་གཞུང་ལ་མང་ཚོགས་ཀྱི་སྐྱོན་བརྗོད་ཕོག་པ་དང་གནོན་ཤུགས་སྤྲད་ནས་པུར་ཆོག་ཁང་ཁག་གི་ཁྲིམས་འགལ་གྱི་ཚོང་ལས་འགོག་རྒྱུ་མགོ་བརྩམས།།

ཨན་ཧུའི་ཞིང་ཆེན་གཞུང་གིས་པན་ཅི་རྫོང་པུར་ཆོག་ཁང་གི་ལས་བྱེད་པ་པ་ཀྲང་ཏོ་བཀག་ཉར་བྱས་ནས་ཟླ་བ་གསུམ་གྱི་རྗེས་སུ་ཝུ་ཧུ་གྲོང་ཁྱེར་གྱི་པུར་ཆོག་ཁང་གི་འགན་འཛིན་ཅང་ཅུན་ཧྲེང་(Jiang Junsheng)་དང་འགན་འཛིན་གཞོན་པ་རེན་ཡུང་ཧྲེང་(Ren Yongsheng)་གཉིས་ལ་ཞིབ་འཇུག་ཚུགས། ལེའོ་ཉིང་ཞིང་ཆེན་གྱི་པན་ཤི་པུར་ཆོག་ཁང་གིས་གླ་ཡོན་གྱི་ཐོག་ཏུ་རྔན་པ་ཧམ་ཟ་བྱེད་ཀྱི་ཡོད་པར་མ་ཟད། ཅི་ལིན་ཞིང་ཆེན་གྱི་ཧུའི་ནན་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་པུར་ཆོག་ཁང་གི་འགན་འཛིན་ལུ་ཝན་ཅུན་(Lu Wanjun)་གནས་དབྱུང་བཏང་སྟེ་དམར་ཤོག་ཚོགས་པའི་ཁོངས་སུ་ཕྱི་རུ་ཕུད། ཁོ་པ་ཁྲིམས་ལ་སྦྱར་ནས་ཉེས་ཆད་གཅོད་རྒྱུ་ཡིན་མོད། འོན་ཀྱང་རྒྱ་ནག་གི་པུར་ཆོག་ཁང་རྣམས་དམངས་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པས་ཆུ་མགོ་ནས་རྙོག་ན་དྭངས་ཐབས་མེད་ཟེར་བའི་དཔེ་ལྟར་གཞུང་གི་གོང་རིམ་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ན་གཤམ་འོག་གི་ལས་བྱེད་པ་ལྐོག་ཟ་རུལ་སུངས་སུ་མི་འགྱུར་བ་ག་ལ་སྲིད།།

ཕྱི་ཟླ་༨་པའི་ཚེས་༡༤་ཉིན་རྒྱ་ནག་གི་གསར་འགྱུར་དྲྭ་བར་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིང་དགེ་ཐོན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་དཔོན་ཕེང་ཞིན་ལིན་(Peng Xinlin)་གྱིས་པུར་ཆོག་ཁང་ཁག་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་ནི་མི་དམངས་ཀྱི་ཉིན་རེའི་འཚོ་བར་འབྲེལ་བ་ཡོད་པ་ཞིག་རེད། རྒྱ་ནག་གི་པུར་ཆོག་ཁང་དེ་དག་གི་ལས་བྱེད་པ་ཚོར་སྟངས་འཛིན་དང་ཁྲིམས་འགལ་བྱུང་ན་དུས་ཐོག་ཏུ་བཅུན། ལྐོག་ཟ་རུལ་སུངས་ལ་འཕྲལ་དུ་འཐབ་རྒོལ་བྱ་དགོས། རྫོང་རིམ་པའི་པུར་ཆོག་ཁང་དང་འབྲེལ་ཡོད་ཀྱི་འགོ་ཁྲིད་ཚོར་ལྐོག་ཟ་རུལ་སུངས་འགོག་ཐུབ་པའི་ནུས་པ་ཆུང་། མང་ཚོགས་ལྐོག་ཟ་རུལ་སུངས་ལ་ཞེན་པ་ལོག་ནས་དམར་ཤོག་ཚོགས་པ་དང་སྲིད་གཞུང་ལ་ཡིད་ཆེས་བརླགས། སྤྱི་དམངས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་དོ་ཕོག་འབྱུང་ཤས་ཆེ་ཞེས་བསྟན།།

ད་ལོའི་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་རྒྱ་ནག་གི་མཉམ་འབྲེལ་ཞོགས་པའི་ཚགས་པར་(联合早报)་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་དེའི་ཚེས་༣་ཉིན་ཁྲིམས་ལུགས་ཉིན་རེའི་ཚགས་པར་ནང་དུ་ཡིག་འབྲུ་༣༩༠༠་ཅན་གྱི་རྩོམ་ཡིག་ཅིག་ཐོན། རྩོམ་ཡིག་དེའི་ནང་དུ་ཁྱིམ་ཚང་ཞིག་གི་ཁང་པ་ནི་མི་རྣམས་འདུག་ས་དང་དཔལ་འབྱོར་འདུ་འགོད་བྱ་ཡུལ་དེ་རེད། ཡིན་ནའང་ཁྱིམ་ཚང་འགའ་ཤས་ཀྱིས་ཁང་པའི་ནང་དུ་གཤིན་པོའི་པུར་ཐལ་འཇོག་ས་དང་འདས་པོ་ཚོར་རྗེས་དྲན་འཚོགས་ས་བསྐྲུན་ཏེ་ཚོང་ལས་གཉེར་གྱི་འདུག གྲོང་གླིང་ཁག་ཏུ་གཤིན་པོའི་པུར་ཐལ་འཇོག་ས་ཟུར་དུ་བཞག་སྟེ་ས་གནས་ཁག་ཅིག་ཏུ་མི་གསོན་པོ་ལས་ཀྱང་གཤིན་པོ་མང་། དེ་ནི་དུར་ས་ཁག་ཏུ་ཕུང་པོ་སྦས་འཇོག་བྱ་ཡུལ་གྱི་ས་ཆའི་རིན་གོང་དང་བདག་གཅེས་ཀྱི་འགྲོ་གྲོན་ཆེ་དྲགས་པ། དུར་ས་དེ་རྣམས་ཡུན་ཐུང་ལ་གླས་པ་ཞིག་ཡིན་པས་རེད་ཅེས་འཁོད།།

པེ་ཅིང་གི་ཁྲའོ་དབྱང་རྫོང་གི་གྲོང་མི་སྨན་ཆུང་མ་ཀྲའོ་ཞེས་པ་ཞིག་ནས་པེ་ཅིང་གི་གྲོང་མཐའི་དུར་ཁྲོད་ཅིག་ཏུ་དུར་ས་ཆུང་ཆུང་ཞིག་ཉོས་ཀྱང་རྒྱ་སྒོར་འབུམ་༡་སྤྲོད་དགོས་ཀྱི་འདུག དེ་ནི་རིན་གོང་ཆེ་དྲགས་པ་དང་ཉོ་ཐུབ་པ་ཞིག་མ་རེད། གལ་ཏེ་དུར་ས་ཤིག་ཉོ་ཐུབ་པའི་དབང་དུ་བཏང་རུང་དུར་ས་དེ་ལོ་༢༠་ལ་གླས་པ་རེད། ད་དུང་དེའི་སྟེང་དུ་དུར་ས་བདག་གཅེས་ཀྱི་གླ་ཡོན་མཐོ་དྲགས་འདུག་ཟེར། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་ས་གོང་གནམ་ལ་འཕར་ཏེ་པེ་ཅིང་དུ་པུར་ཐལ་ཤོང་སའི་དུར་ས་ཆུང་ཆུང་ཞིག་ལ་རྒྱ་སྒོར་༨༣༡༠༠་དང་ཧྲང་ཧེ་རུ་རྒྱ་སྒོར་༩༩༩༠༠་ལྷག ཀོང་ཀྲུག་ཏུ་རྒྱ་སྒོར་༤༣༣༠༠་དང་ཧྲེན་ཀྲེན་དུ་རྒྱ་སྒོར་༦༤༡༠༠་ལྷག་མ་སྤྲད་པར་དུར་ས་མི་རྙེད། རྒྱ་ནག་གི་དྲྭ་དམངས་ཚོས་པུར་བུམ་འཇོག་སའི་ཁང་པ་མང་དྲགས་ན་མི་མང་འདུག་སའི་ཁང་པ་ཇེ་དཀོན་དུ་ཕྱིན་ཏེ་སྤྱི་ཡོངས་ཀྱི་ཁང་གླ་འཕར། པུར་བུམ་བཞག་ཡོད་པའི་གྲོང་གླིང་ཁག་གི་ཁང་པ་ཞིག་བཙོང་དགོས་ཀྱང་ཉོ་མཁན་གྱིས་རྣམ་རྟོག་བྱས་ནས་ཁང་པ་འཚོང་དཀའ་ཞེས་འཁང་ར་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG