ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

ནམ་ཟླ་དགུན་དུས་སུ་ས་བོན་འདེབས་པ་ལྟ་བུའི་རྒྱ་ནག་གཞུང་གི་མི་འབོར་སྲིད་ཇུས།


པེ་ཅིང་དུ་སྐྱེས་པ་ཞིག་གིས་སེའུ་མེ་ཏོག་མདུན་ནས་ཕྲུ་གུར་པར་ལེན་བཞིན་པ།
པེ་ཅིང་དུ་སྐྱེས་པ་ཞིག་གིས་སེའུ་མེ་ཏོག་མདུན་ནས་ཕྲུ་གུར་པར་ལེན་བཞིན་པ།

སྤྱི་ལོ་༡༩༨༠ ལོ་ནི་རྒྱ་ནག་གི་མི་འབོར་སྐོར་གྱི་སྲིད་ཇུས་ལ་མཚོན་ན་ནམ་ཟླ་དཔྱིད་ཀ་དང་མཚུངས་ཤིང་། གལ་སྲིད་རྒྱ་ནག་གཞུང་ལ་འཕྲལ་ཕུགས་གཉིས་ཕན་དང་དགེ་སྐྱོན་གོ་གསེས་ཀྱི་མཐོང་རྒྱ་ཡོད་ཚེ། རྫི་མེད་སྣང་ཆུང་མིན་པར་སྐབས་དེ་དུས་ནས་དེ་ལ་དེ་བསྟུན་གྱིས་སྲིད་ཇུས་བཟོ་འདོན་གྱིས་ཐེ་ཝན་དང་ལྷོ་ཀོ་རི་ཡ་ལྟར་ཕྲུ་གུ་སྐྱེ་ཚད་མགྱོགས་མྱུར་དུ་ཉམས་རྒུད་འགྲོ་བའི་གནས་བབ་ལས་སྐྱོབ་ཐུབ་ཡོད་ངེས་ཀྱང་། རྒྱ་ནག་དམར་ཤོག་གཞུང་གིས་དེ་ལས་ལྡོག་སྟེ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཕན་ཆར་གྱི་སྲིད་ཇུས་མེད་པའི་ཁར་མེ་འབར་སྒང་ལ་ཤིང་བསྣན་བྱས་པ་ལྟ་བུར། ཕྲུ་གུ་གཅིག་གི་སྲིད་ཇུས་སམ་འཆར་ལྡན་བུ་བཙའི་སྲིད་ཇུས་ཞེས་པ་ལག་ལེན་བསྟར་ཡོད་པ་རེད།

དེ་བཞིན་སྤྱི་ལོ་༡༩༩༡ ལོར་རྒྱ་ནག་གི་ཕྲུ་གུ་སྐྱེས་པའི་ཚད་གཞི་དེ་རྙིང་ཚབ་གསར་འཇུག་གི་ཚད་གཞི་ལས་དམའ་བ་ཆགས་ཟིན་ཅིང་། དེའི་ཚེ་དེའི་དུས་འཆར་ལྡན་བུ་བཙའི་སྲིད་ཇུས་མཚམས་འཇོག་གིས་ཐབས་ལམ་ཅི་དགེའི་དུས་བསྟུན་བཅོས་བསྒྱུར་བྱས་ཡོད་རྒྱུ་ན། དེ་ནི་ས་བོན་འདེབས་པའི་དུས་ཚོད་ཡག་ཤོས་ཀྱི་ནམ་ཟླ་དཔྱིད་ཀ་དེ་ཡོལ་ཟིན་པའི་དབང་དུ་བཏང་ཡང་དབྱར་དུས་སུ་ས་བོན་འདེབས་པ་ལྟ་བུའི་གེགས་མེད་ལེགས་རྩེའི་ཚུལ་དུ་གནས་ཐུབ་ངེས་མོད། འོན་ཏེ་ཇི་སྐད་དུ་འབབ་ཆུ་ཐུར་དུ་འབབ་པར་བཟློག་ཏུ་མ་བཏུབ་པའི་ངང་ཚུལ་ལྟར། རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་ཞེས་པ་ཚ་གྲང་ཡ་འགལ་ཅན་དེ་རུ་ངར་ཞིབ་ཚགས་ཀྱིས་མུ་མུས་རྒྱུན་འཁྱོངས་ཡོད་བྱས་པ་རེད།

རྒྱ་ནག་ཏུ་སྤྱི་ལོ་༢༠༠༠ ལོ་དང་༢༠༡༠ ལོའི་ཕྲུ་གུ་སྐྱེ་བའི་ཚད་གཞི་ནི་༡.༢ ཙམ་ལས་མེད་པ་དང་། གལ་ཏེ་དེ་དུས་འཆར་ལྡན་བུ་བཙའི་སྲིད་ཇུས་དེ་བཞིན་མཚམས་འཇོག་གིས་འོས་ཤིང་འཚམས་པའི་སྲིད་ཇུས་ཤིག་ལག་བསྟར་བཏང་ཡོད་ཚེ་མ་མཐའ་ཡང་ནམ་ཟླ་སྟོན་དུས་སུ་ས་བོན་འདེབས་པ་ལྟ་བུ་ཞིག་ཆགས་སྲིད་པ་རེད། དེ་ལྟར་ལགས་མོད་ཀྱང་། རྒྱ་ནག་གཞུང་གིས་མི་ཞིག་གིས་ཞོགས་པ་ཡར་ལངས་ནས་སོ་འཁྲུ་བར་རྩོམ་དུས་སོ་སྨན་བཙིར་བ་ལྟར་རེས་ཆད་རེས་མཐུད་ཀྱིས། ༢༠༡༤ ལོ་དང་། ༢༠༡༦ ལོ། ༢༠༢༡ ལོ་བཅས་སུ་བྱེ་བྲག་ཏུ་ཕྲུ་གུ་གཉིས་སྐྱེ་ཆོག་པ་དང་། ཡོངས་ཁྱབ་ཐོག་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པ། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་བཅས་རིམ་པ་བསྟར་ཆགས་སུ་ལག་བསྟར་བྱས་པར་ཡོད་ཚད་ཆུད་ཟོས་ཕམ་ཉེས་སུ་ཕྱིན་ཡོད་པ་རེད། ད་ལྟ་ནི་མི་འབོར་ལ་མཚོན་ན་ནམ་ཟླ་དགུན་དུས་སུ་སླེབས་ཟིན་པ་དང་། གཞུང་འབྲེལ་གྱི་དོན་དངོས་གནས་ཚུལ་དང་མི་མཐུན་པའི་གྲངས་ཐོ་ལྟར་ནའང་། ཕྲུ་གུ་སྐྱེ་བའི་ཚད་གཞི་གྲངས་འབོར་༡.༠ ལས་མེད་པ་དང་། མི་རབས་རྗེས་མར་མི་འབོར་མང་དུ་མི་འགྲོ་བར་མ་ཟད། ཉུང་དུ་མི་འགྲོ་བའི་ཚད་གཞི་༢.༡ ཡི་ཕྱེད་ཀ་ལས་མེད་པ་དང་། དེའི་ནང་ནས་ཧྲང་ཧའེ་དང་ཧེ་ལུང་ཅང་སོགས་ཞིང་ཆེན་ཁག་ལ་༠.༦ ཙམ་ལས་མེད་པར་ཆགས་འདུག།

རྒྱ་ནག་གིས་ཕྲུ་གུ་སྐྱེ་རྒྱུར་སྐུལ་འདེད་གཏོངཐད་ལ་དཀའ་ངལ་ཆེན་པོ་གསུམ་འཕྲད་བཞིན་པ

དཀའ་ངལ་དང་པོ། ནང་སེམས་ཁམས་ཀྱི་ཆ་ནས་ཕྲུ་གུ་སྐྱེ་འདོད་མེད་པ། ན་གཞོན་ཚོའི་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་འདོད་ཀྱི་སེམས་ཤུགས་ཉམས་རྒུད་དུ་ཕྱིན་པ་དང་། ལོ་ན་༢༠ ནས་༢༩ ཡི་བར་གྱི་གཉེན་སྒྲིག་བྱེད་མཁན་གྱི་གྲངས་ཀ་དེ་བཞིན་༢༠༡༣ ལོའི་ས་ཡ་༡༨.༥༡ ནས་༢༠༢༢ ལོའི་ས་ཡ་༧.༡༧ ལ་མར་ཆག་ཡོད་པ་དང་། ༢༠༢༣ ལོར་རྒྱ་ནག་གི་གཉེན་སྒྲིག་བྱེད་པའི་ཚད་གཞི་དེ་བརྒྱ་ཆ་༥.༤ ཡིན་པ་དེ་ནི། ཐེ་ཝན་གྱི་བརྒྱ་ཆ་༦.༥ ལས་དམའ་བ་ཡིན་པར་མ་ཟད། བཟའ་ཚང་ཁ་འཐོར་དུ་ཕྱིན་པའི་ཚད་གཞི་དེ་ཐེ་ཝན་ལས་མཐོ་བ་ཡོད་པ་དང་། རྒྱ་ནག་གི་བཟའ་ཚང་ཁ་འཐོར་ཆགས་པ་དང་གཉེན་སྒྲིག་གཉིས་ཀྱི་བསྡུར་ཚད་བརྒྱ་ཆ་༤༦ ཡིན་པ་དེ་ཐེ་ཝན་གྱི་བརྒྱ་ཆ་༣༣ ལས་མཐོ་བ་ཡིན་པ་རེད།

དཀའ་ངལ་གཉིས་པ། ཕྱི་དངོས་པོའི་ཆ་ནས་ཕྲུ་གུ་གསོ་སྐྱོང་བྱེད་པའི་མཐུན་རྐྱེན་གྱིས་མི་འདང་བ། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ལག་བསྟར་བྱས་པའི་ཕྲུ་གུ་གཅིག་གམ་འཆར་ལྡན་བུ་བཙའི་སྲིད་ཇུས་ཀྱི་རྐྱེན་པས། སྤྱི་ཚོགས་དང་དཔལ་འབྱོར་གྱི་སྲིད་ཇུས་འདིང་སྟངས་དང་། གྲོང་ཁྱེར་འཆར་འགོད་དང་བཅས་པ་ནི་ཁྱིམ་ཚང་ཕལ་ཆེ་བར་ཕྲུ་གུ་གཅིག་ལས་མེད་པའི་གནས་སྟངས་དང་བསྟུན་ནས་བང་སྒྲིག་བྱས་པ་ཞིག་ཡིན་པའི་སྟབས་ཀྱིས། དེའི་ལྡོག་ཕྱོགས་སུ་སྲིད་ཇུས་ལ་འགྱུར་བ་གཏང་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད། དཔེར་ན། མི་འབོར་གྱི་རྫོང་སྟུག་པོར་དམིགས་པའི་གྲོང་ཁྱེར་འཆར་འགོད་དེ་དག་ས་སེལ་རྡོ་སེལ་གྱིས་འཕྲལ་སེལ་རིང་ལ་གཏོར་བཤིག་བཏང་སྟེ། ཚ་འདེད་ན་འདེད་ཀྱིས་ཁུ་བསྡུ་དང་བསྐྱར་སྐྲུན་བྱེད་ཐབས་མེད་པ་ལྟ་བུ་རེད།

དཀའ་ངལ་གསུམ་པ། མིའི་ལུས་ཁམས་ཀྱི་ཆ་ནས་ཕྲུ་གུ་སྐྱེ་མི་ཐུབ་པ། རྒྱ་ནག་ཏུ་མོ་ནད་ཀྱི་ཚད་གཞི་ནི་༡༩༨༠ ལོའི་བརྒྱ་ཆ་༡ དང་༣ ནས་༢༠༢༠ ལོའི་བརྒྱ་ཆ་༡༨ བར་ཡར་འཕར་ཡོད་པ་དང་། ཕོ་མོ་གཉིས་ཀའི་ཕྲུ་གུ་སྐྱེས་པའི་ནུས་པ་ནི་ལོ་ནའི་བབ་དང་བསྟུན་ནས་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅིང་། ཕྲུ་གུ་དང་པོ་སྐྱེ་བའི་ལོ་ཚད་ཀྱང་ནར་འགྱངས་ཐལ་ལུས་སུ་ཕྱིན་ཡོད་པར། དཔེར་ན། ཧྲང་ཧའེ་ཡི་བུད་མེད་ཚོས་ཕྲུ་གུ་དང་པོ་སྐྱེ་བའི་ལོ་ཚད་ནི་༢༠༢༠ ལོའི་ལོ་ན་༣༠.༧ ནས་༢༠༢༣ ལོའི་ལོ་ན༣༡.༧ བར་ཕྱིར་འགྱངས་ཕྱིན་ཡོད་ཅིང་། དེ་ནི་ཉི་ཧོང་ལས་ཀྱང་ཚད་མཐོ་བར་ངེས་ལ། མི་མང་པོ་ཞིག་གིས་གཉེན་སྒྲིག་བྱེད་སྐབས་སམ་ཡང་ན་ཕྲུ་གུ་དང་པོ་སྐྱེས་རྗེས་ཕྲུ་གུ་གཉིས་པ་སྐྱེས་པའི་ནུས་པ་ཉམས་ཟིན་པ་རེད། དེ་ལས་གཞན་རྒྱ་ནག་ཏུ་བུད་མེད་ཀྱི་མངལ་ནས་ཕྲུ་གུ་འདོན་པའི་ཚད་གཞིའི་གྲངས་འབོར་ཧ་ཅང་མཐོན་པོ་ཡོད་པ་དང་། ༢༠༢༠ ལོར་ཐེ་ཝན་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱི་ལྡབ་གསུམ་ཡིན་པ་རེད།

འཆར་ལྡན་བུ་བཙའ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་ཡིན་ཞེས་པའི་སྦྱར་ཡིག་མདུན་གྱི་ཨ་བུ་གཉིས།
འཆར་ལྡན་བུ་བཙའ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་ཡིན་ཞེས་པའི་སྦྱར་ཡིག་མདུན་གྱི་ཨ་བུ་གཉིས།

རྒྱ་ནག་གི་མི་འབོར་སྲིད་ཇུས་དེ་ཉི་ཧོང་གི་བྱེད་སྟངས་ནང་བཞིན་ཆགས་པ།

རྒྱ་ནག་གིས་ཕྲུ་གུ་སྐྱེ་རྒྱུར་སྐུལ་འདེད་གཏོང་བའམ་མི་འབོར་འཕེལ་ཐབས་ཐད་ཟིན་པའི་སྲིད་ཇུས་དེ་ནི་སྔར་ཕན་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་གང་ཡང་མ་ཡིན་པར། དེ་བཞིན་ཉི་ཧོང་གིས་སྔ་ས་ནས་བྱས་ཟིན་པ་ཞིག་རེད། དོན་དམ་དུ་ཉི་ཧོང་གི་ཉམས་མྱོང་ལས་ར་སྤྲོད་བྱུང་གསལ་ལྟར་ན། སྲིད་ཇུས་དེ་ནི་རིན་གོང་ཆེ་ལ་ནུས་པ་མི་ཐོན་པའི་སྲིད་ཇུས་ཤིག་ཡིན་པ་རེད། སྤྱིར་ཉི་ཧོང་གི་སྤྱི་ཚོགས་ནི་ཕྲུ་གུ་སྐྱེ་བར་མཐུན་རྐྱེན་འཛོམས་ངེས་ཀྱི་རང་བཞིན་ཅན་ཞིག་ཡིན་ཡང་། ཕྲུ་གུ་སྐྱེ་བའི་ཚད་གཞི་དེ་ནི་༢༠༠༥ ལོའི་༡.༢༦ ནས་༢༠༡༥ ལོའི་༡.༤༥ བར་ཡར་ཏོག་ཙམ་འཕར་བ་ཙམ་ལས། ༢༠༢༣ ལོར་སླེབས་མཚམས་སུ་གྲངས་འབོར་དེ་བཞིན་༡.༢༠ བར་མར་ཉམས་རྒུད་དུ་ཕྱིན་ཡོད་པ་དང་། ད་ལོའི་ཚད་གཞི་གྲངས་འབོར་དེ་༡.༡ ཙམ་ལས་ལོངས་ཐུབ་མེད་སྲིད་པ་རེད། སིངྒ་ཕོར་དང་ལྷོ་ཀོ་རི་ཡ། ཐེ་ཝན་བཅས་ཀྱི་ནང་དུའང་རྒྱ་ནག་གི་སྲིད་ཇུས་ནང་བཞིན་ལག་བསྟར་བཏང་མྱོང་ཡང་གནས་སྟངས་ཇེ་ལེགས་སུ་བཏང་ཐུབ་མེད་ཅིང་། དོན་དམ་ལ་ཉི་ཧོང་གི་ཐབས་ལམ་དེ་ནི། ཕྱི་དངོས་པོའི་ཆ་ནས་མཐུན་རྐྱེན་སྦྱར་ཐུབ་པ་ཙམ་ལས། ནང་སེམས་ཁམས་ཀྱི་ཆ་ནས་ཕྲུ་གུ་སྐྱེ་འདོད་མེད་པ་དང་། ཕྱི་ལུས་ཁམས་ཀྱི་ཆ་ནས་སྐྱེ་མི་ཐུབ་པའི་དཀའ་ངལ་གཉིས་དེ་རྩ་བ་ནས་སེལ་ཐུབ་མེད་པ་དང་། དཀའ་ངལ་དེ་གཉིས་ནི་དངུལ་འགྲོ་སོང་བཏང་ནས་སེལ་མི་ཐུབ་པའི་དཀའ་ངལ་ཆེན་པོ་གཉིས་ཡིན་པ་རེད།

ད་ལོའི་སྤྱི་ཟླ་གསུམ་པའི་ནང་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་ཉི་ཧོང་གི་མི་འབོར་དཀའ་ངལ་ཐད་ཀྱི་གནས་ཚུལ་ཞིག་དཔེ་མཚོན་དུ་དྲངས་ན། ཉི་ཧོང་དུ་དུས་རབས་༡༦ ཙམ་ནས་དར་འགོ་ཚུགས་པའི་ལོ་རེའི་འཆར་ཅན་གྱི་སྐྱེས་པ་དང་ཕྲུ་གུ་ཚོ་མཉམ་ཞུགས་བྱེད་སྲོལ་ཡོད་པའི་གཅེར་བུ་བའི་དུས་ཆེན་ཞེས་པ་དེ་ད་ལོར་ཉི་ཧོང་གི་མི་འབོར་ནང་རྒས་འཁོགས་ཆགས་པ་མང་དྲགས་པའི་རྐྱེན་གྱིས་མཚམས་འཇོག་བྱས་དགོས་བྱུང་ཡོད་ཅིང་། གཅེར་བུ་བའི་དུས་ཆེན་ཞེས་པ་དེ་ནི་ཉི་ཧོང་ནང་སྐྱེས་པ་ཚོ་དང་ཕྲུ་གུ་ཚོས་འདོམ་རས་སྲབ་མོ་ཞིག་ལས་མི་གོན་པའམ། ལུས་པོ་ཡོངས་སུ་གཅེར་བུར་ཕུད་པའི་དུས་ཆེན་ཞིག་ཡིན་པ་དང་། ཉི་ཧོང་ནང་དར་སྲོལ་ཆེ་བའི་གནའ་དུས་ཀྱི་ལོ་རྒྱུས་རིང་ཤོས་ཀྱི་དུས་ཆེན་གྲས་ཤིག་ཡིན་ཞིང་། དུས་ཆེན་དེ་ཉི་ཧོང་གི་ཨེ་ཌོ་ཇ་དྷའེ་ཡི་དུས་སྐབས་ནས་དར་ཡོད་པ་དང་། ལོ་རེའི་སྤྱི་ཟླ་གཉིས་པའི་ནང་གི་བདུན་ཕྲག་གསུམ་པ་དེར་སྲུང་བརྩི་ཞུ་སྲོལ་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ས་སྐྱ་དང་ཕག་གྲུ། གཙང་པ་རྒྱལ་རབས། རིན་སྤུངས་པ། དགའ་ལྡན་ཕོ་བྲང་བཅས་ཞུ་སྲོལ་ཡོད་པའི་ནང་ནས་སྡེ་སྲིད་ཕག་གྲུའི་དབང་སྒྱུར་གནང་བའི་སྐབས་ལས་ཕག་གྲུའི་སྣེ་གདོང་གོང་མ་བཅུ་གཅིག་པ་ངག་དབང་བཀྲ་ཤིས་གྲགས་པའི་དུས་ཚོད་ལ་འཁེལ་གྱི་ཡོད་པ་རེད།

ཉི་ཧོང་ནང་ལོ་རེར་ས་གནས་བཅུ་གྲངས་ཤིག་ནས་དུས་ཆེན་དེ་སྲུང་བརྩི་བྱེད་སྲོལ་ཡོད་པ་དང་། དུས་ཆེན་གྲ་རྒྱས་ཤོས་དེ་ཉི་ཧོང་སྐད་དུ་སའེ་ཌེ་ཨེ་ཇི་དགོན་པ་ཞེས་པའི་ནང་ལ་སྲུང་བརྩི་ཞུ་སྲོལ་ཡོད་ཅིང་། དགོན་པ་དེའི་ནང་དུས་ཆེན་དེ་སྤྱི་ལོ་༡༥༡༠ ལོ་ནས་དར་འགོ་ཚུགས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། རྒྱལ་བ་སྐུ་ཕྲེང་གཉིས་པ་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་མཆོག་གིས་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་ལེགས་བཤད་སྒྲོག་པའི་དགའ་ཚལ་གྱི་དགོན་པ་ཕྱག་བཏབ་པའི་ལོར་འཁེལ་གྱི་འདུག། ལོ་རེར་སྐྱེས་པ་སྟོང་ཚོ་དགུ་ལྷག་མཉམ་ཞུགས་གནང་སྲོལ་ཡོད་པ་དང་། ཉིན་དེར་དགོན་པ་དེའི་དགེ་འདུན་པའི་བྱིན་གྱིས་རླབས་པའི་རྒྱུག་པ་ཆེན་པོ་ཞིག་འཕྲོག་རེས་གནང་སྟེ། རྒྱུག་པ་དེ་སུ་ལ་ཐོབ་ན་ལོ་གཅིག་རིང་ལ་མི་ཕྱུག་ལ་གོ་ཆག་མི་ཡོང་བའི་རྟེན་འབྲེལ་བཟང་པོར་བརྩི་སྲོལ་ཡོད་ཅིང་། དུས་ཆེན་དེ་༢༠༡༦ ལོར་ཉི་ཧོང་གཞུང་གིས་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་གལ་ཆེན་ཁོངས་སུ་བཅུག་ཡོད་པ་རེད།

ཉི་ཧོང་གི་གཅེར་བུ་བའི་དུས་ཆེན།
ཉི་ཧོང་གི་གཅེར་བུ་བའི་དུས་ཆེན།

ལོ་རེར་མི་སྟོང་ཚོ་མང་པོ་མཉམ་ཞུགས་བྱེད་སྲོལ་ཡོད་པའི་དུས་ཆེན་རྙིང་པ་དེ། ད་ཆ་ས་གནས་སུ་རྒས་འཁོགས་ཀྱི་མི་འབོར་མང་དྲགས་པའམ་མི་འབོར་སྤྱིའི་ཁོངས་སུ་རྒས་འཁོགས་ཀྱི་བསྡུར་ཚད་མང་དྲགས་པའི་རྐྱེན་ལས་ཚུལ་བཞིན་དུ་སྲུང་བརྩི་ཞུ་ཐུབ་ཀྱི་མེད་པ་དང་། ཉི་ཧོང་ནང་མི་འབོར་རྒས་འཁོགས་ཅན་དུ་ཆགས་པ་དེས་གནའ་རབས་ནས་དར་བའི་དུས་ཆེན་དང་། གྲོང་གསེབ་ཁག་ཏུ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་འདུག། ཉི་ཧོང་གི་སྤྱི་ཚོགས་ནང་མི་འབོར་རྒས་འཁོགས་ཅན་དུ་ཆགས་པའི་གནད་དོན་དེ་རྒྱལ་ཁབ་གཞན་པ་ཁག་ལས་ཚབས་ཆེན་ཡིན་ཞིང་། ཉི་ཧོང་གི་སློབ་གྲྭ་ཁག་དང་ཚོང་ལས་ཀྱི་སྡེ་ཚན། ཞབས་ཞུ་ལས་རིགས་ཀྱི་ལས་ཁུངས། གྲོང་ཚོ་ཆུང་གྲས་ཁག་སོགས་མི་ཡིས་སྟོང་ནས་མི་འདོད་བཞིན་དུ་སྒོ་མི་བརྒྱབ་ཀ་མེད་ཆགས་བཞིན་པར་མ་ཟད། ཕྲུ་གུ་སྐྱེ་ཚད་ཉུང་དུ་ཕྱིན་པ་དེས་གཞོན་སྐྱེས་ཚོས་དོན་དག་མང་པོ་ཞིག་མུ་མུས་རྒྱུན་འཁྱོངས་བྱེད་མི་ཐུབ་པའི་དཀའ་ངལ་ཡོང་བཞིན་པ་རེད། ཆེད་མཁས་པ་ཚོས་ད་ནི་རྒྱ་ནག་ཀྱང་ལམ་ཁ་དེར་སྙེག་བཞིན་པའི་ཚོད་དཔག་བྱེད་བཞིན་འདུག།

རྒྱ་ནག་ནི་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་མ་ཆགས་གོང་ནས་མི་འབོར་རྒས་འཁོགས་སུ་གྱུར་བ་དང་། ས་གནས་སྲིད་གཞུང་ཁག་བུ་ལོན་གྱི་དཀའ་ངལ་ནང་ལྷུང་ཞིང་། དཔལ་འབྱོར་ཉམས་ཆག་ཕྱིན་ཡོད་པ་དེ་ནི། ཉི་ཧོང་གི་སྲིད་ཇུས་ཟིན་སྟངས་དང་ཡོངས་སུ་ཆ་མཚུངས་ཤིང་ལད་ཟློས་བྱས་པ་ལྟ་བུ་ཆགས་ཡོད་པ་དང་། གོང་ཞུས་དཀའ་ངལ་གསུམ་པ་སྟེ། ཕྱི་དངོས་པོའི་ཆ་ནས་ཕྲུ་གུ་གསོ་སྐྱོང་བྱེད་པའི་མཐུན་རྐྱེན་གྱིས་མི་འདང་བའི་གནད་དོན་ཐད་ལ་དཀའ་ངལ་ཆེན་པོ་གཞན་གསུམ་འཕྲད་བཞིན་ཡོད་པ་ནི། ཁང་རིན་ཧ་ཅང་མཐོ་བ་དང་། མི་དམངས་ཀྱི་ཡོང་འབབ་ཧ་ཅང་དམའ་བ། ན་གཞོན་ལས་མེད་ཀྱི་གྲངས་འབོར་ཧ་ཅང་མང་བ་བཅས་ཡིན་པ་རེད། རྒྱ་ནག་གི་ས་ཁང་ཐོན་སྐྱེད་ཁྱོན་བསྡོམས་ཀྱི་རིན་ཐང་ནི། དཔལ་འབྱོར་སྡོམ་འབོར་གྱི་ལྡབ་བཞི་ཡིན་པ་དང་། ཉི་ཧོང་ནི་ལྡབ་གཉིས་ཡིན་པ་རེད། རྒྱ་ནག་གིས་ས་ཁང་ཚོང་རའི་ལྦུ་བ་སོབ་སོབ་ཅན་དེ་རྩ་ཡལ་དུ་འགྲོ་བར་འཇིགས་ནས་ཁང་རིན་མར་ཆག་ཏུ་འཇུག་མི་ཕོད་པའི་རྐྱེན་ལས། ཁང་རིན་དེ་འདྲ་མཐོན་པོ་ཡིན་ན་ཕྲུ་གུ་ག་འདྲ་སེ་བྱས་ནས་སྐྱེ་དགོས་སམ། རྒྱ་ནག་གི་གྲོང་ཁྱེར་གྱི་མི་འབོར་སྟུག་ཚད་ཀྱང་ཉི་ཧོང་ལས་མཐོ་བ་ཡོད་པར་བརྟེན། བརྟག་ཞིབ་ཁོང་ཟོན་གྱིས་ཞིབ་འཇུག་གཟབ་ནན་བྱས་ན་མི་དམངས་ཀྱི་འཚོ་བའི་གནོན་ཤུགས་དེ་ཉི་ཧོང་ལས་ཆེ་བ་ཡོད་པ་སྨོས་མེད་ཡིན་པ་རེད།

ཉི་ཧོང་མི་དམངས་ཀྱི་བེད་སྤྱོད་གཏོང་ཆོག་པའི་ཡོང་འབབ་ནི་རྒྱལ་ནང་ཐོན་སྐྱེད་སྡོམ་འབོར་གྱི་བརྒྱ་ཆ་༥༦ ཟིན་གྱི་ཡོད་པ་དང་། རྒྱ་ནག་ནི་བརྒྱ་ཆ་༤༤ ལས་མེད་ཅིང་། གནས་སྟངས་དེ་འདྲའི་འོག་ཏུ། གཞུང་གིས་སྤྲད་པའི་གུན་གསབ་དེ་དག་གིས་ཕན་ཐོགས་ཆེན་པོ་གང་ཡང་མེད་པར་མ་ཟད། མི་དམངས་ཀྱིི་ངོས་ནས་ཕྲུ་གུ་གཅིག་གསོ་སྐྱོང་བྱ་རྒྱུར་ཡང་དཀའ་ངལ་དེ་ཙམ་ཡོད་ན། ཕྲུ་གུ་གཉིས་གསུམ་ཞིག་གསོ་སྐྱོང་བྱ་ཐུབ་རྒྱུའི་ཐད་ལ་དཀའ་ངལ་ཡོད་པ་ལྟ་ཅི་སྨོས། རྒྱ་ནག་གི་གཞོན་སྐྱེས་ལས་ཀ་ཤོར་བའི་ཚད་དེ་མཐོ་དྲགས་ནས་གཞུང་གིས་གྲངས་ཀ་ངོ་མ་དེ་སྦས་གསང་བྱས་ནས་ཕྱི་ལོགས་སུ་འདོན་རྒྱུར་ཞེད་ཀྱི་ཡོད་ཅིང་། མི་འདོད་ཐོག་བབས་ཀྱི་ཚད་དེའང་ཉི་ཧོང་དང་བསྡུར་ན་ལྡབ་གསུམ་བཞི་ཙམ་མཐོ་ཡི་ཡོད་པ་རེད། གཞོན་སྐྱེས་ལས་ཀ་ཤོར་བའི་ཚད་མཐོ་བ་དེས་གཞོན་སྐྱེས་ཚོས་ལས་ཀ་མི་རག་པ་དང་། སོ་སོའི་འཚོ་བར་ཡང་དཀའ་ངལ་ཡོད་པ། འཚོ་གོས་གཉིས་ཀ་བཀྲེན་སེ་བ་ཞིག་ལས་མེད་བཞིན་དུ་གཉེན་སྒྲིག་བྱ་རྒྱུ་དང་། ཕྲུ་གུ་སྐྱེ་རྒྱུ་ཟེར་བ་སོགས་ནི་ཕ་རིའི་སྤང་རྒྱན་ཡིན་པ་རེད།

པེ་ཅིང་གླིང་ག་ཞིག་ཏུ་ཁ་བ་ཕྱགས་བཞིན་པའི་མི་རྒན་ཞིག་དང་ཕྲུ་གུ་ཞིག
པེ་ཅིང་གླིང་ག་ཞིག་ཏུ་ཁ་བ་ཕྱགས་བཞིན་པའི་མི་རྒན་ཞིག་དང་ཕྲུ་གུ་ཞིག

རྒྱ་ནག་གིས་དུས་རབས་ཕྱེད་ཀའི་རིང་ལ་ཕྲུ་གུ་སྐྱེ་རྒྱུའི་ཐད་མི་དམངས་ལ་དྲིལ་བསྒྲགས་ལོག་པར་རྐྱང་རྐྱང་བྱས་པ་དེ་ད་ཆ་མི་རྣམས་ཀྱི་སེམས་སུ་ལམ་ངན་མུ་འབྱམས་ཀྱི་བག་ཆགས་གཏིང་ཟབ་བཞག་ཡོད་པ་དང་། ད་ལྟའི་ཆར་ད་དུང་ཡང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དེ་ཡོངས་སུ་དོར་མེད་པའི་རྒྱུ་མཚན་གྱིས་ཕྲུ་གུ་གཅིག་ལས་མི་སྐྱེ་བའམ། ཡང་ན་ཕྲུ་གུ་མི་སྐྱེ་བ་ནི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུན་ལྡན་ལྟ་བུ་ཞིག་ཏུ་ཆགས་ཡོད་པས་ན། རྒྱ་ནག་གིས་ཕྲུ་གུ་སྐྱེ་འདོད་མེད་པའི་དཀའ་ངལ་དེ་བཞིན་ཉི་ཧོང་ལས་ཆེ་བ་ཡོད་པ་དང་། ཕྲུ་གུ་སྐྱེ་མི་ཐུབ་པའི་ཐད་ནས་ཀྱང་། རྒྱ་ནག་དང་ཉི་ཧོང་གཉིས་ཀར་ཐབས་ཤེས་མེད་པ་ཆགས་ཟིན་པ་རེད།

སྤྱིར་ཕྲུ་གུ་སྐྱེ་བའི་ཚད་དམའ་བ་དང་། མི་འབོར་རྒས་འཁོགས་ཆགས་པའི་དཀའ་ངལ་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་དཀའ་ངལ་བྱ་དཀའ་བྱེད་གཏད་ཅན་ཞིག་ཡིན་སྟབས། རྒྱལ་ཁབ་ཚང་མས་རང་སྐྱོན་ཟོལ་འགེབས་དྲི་མ་ས་གཡོག་མིན་པར་སྔ་ཕྱིའི་ཡོང་རྐྱེན་ལ་གསལ་བཏབ་སྟེ་དཀའ་ངལ་དེ་སེལ་ཐབས་འཚོལ་དགོས་པ་དང་། གལ་ཏེ་རྒྱ་ནག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མི་འགལ་བའི་སྤྱི་མཚུངས་ལུགས་མཐུན་གྱི་གནས་བབ་འོག་ནས། རང་དོན་རང་གཅེས་ཀྱིས་ཕྲུ་གུ་སྐྱེ་རྒྱུར་སྐུལ་འདེད་གཏོང་ཐབས་ཐད་ནས་ལམ་ལྷོངས་ལྡན་པའི་ཐབས་ཇུས་རྙེད་གྱུར་ན། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་འཁུར་བསམ་རྣམ་དག་གིས་དགའ་བསུ་བྱ་དགོས་པའི་དོན་དག་ཞིག་ཀྱང་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG