༢༠༢༤།༡༢།༡༩
ཨ་རིའི་རླུང་འཕྲིན་ཁང་།
༄༅།། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བྱང་ཀོ་རི་ཡའི་དམག་མི་རྣམས་འཐབ་འཁྲུག་ལ་ཞུགས་ནས་བསད་རྨས་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་ལི་སུང་ཝན་(Lee Sung-kwon)་གྱིས་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཉུང་མཐར་ཡང་བྱང་ཀོ་རི་ཡའི་དམག་མི་༡༠༠་ལ་སྲོག་སྐྱོན་དང་དམག་མི་༡༠༠༠་ལྷག་ལ་རྨས་སྐྱོན་ཕོག་འདུག བྱང་ཀོ་རི་ཡའི་དམག་མི་དེ་ཚོ་བསད་རྨས་བྱུང་དོན་ནི་འཐབ་འཁྲུག་གི་ཉམས་མྱོང་མེད་པ་དང་ཁ་ལོ་བ་མེད་པའི་འཕུར་གྲུའི་རྒོལ་རྡུང་ལ་གཡོལ་མ་ཤེས་པས་རེད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་དམག་སྦྱོང་ལ་རྟོག་ཞིབ་དང་ར་ཤི་ཡར་དཔུང་གྲོགས་ཁ་སྣོན་གཏང་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་བསྒྲགས།།
གཟའ་འཁོར་འདིར་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ནས་ཀོར་སི་ཀ་མངའ་ཁུལ་དུ་བྱང་ཀོ་རི་ཡའི་དམག་མི་༣༠་བསད་རྨས་བྱུང་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་ལུང་འདྲེན་བྱས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ར་ཤི་ཡར་དཔུང་གྲོགས་སུ་འབྱོར་བའི་བྱང་ཀོ་རི་ཡའི་དམག་མི་༢༠༠་བསད་རྨས་བྱུང་འདུག ར་ཤི་ཡའི་གཞུང་གིས་བྱང་ཀོ་རི་ཡར་དཔུང་གྲོགས་ཁ་སྣོན་གཏང་དགོས་པའི་འབོད་སྐུལ་ཞུས་ཡོད་མེད་གསལ་པོ་མི་འདུག ཉིན་ལྟར་ར་ཤི་ཡའི་དམག་མི་༡༢༠༠་ཡས་མས་རེ་བསད་རྨས་འབྱུང་གི་ཡོད་པ་དང་ར་ཤི་ཡར་དམག་མི་འདང་ངེས་མེད་པ་གསལ་པོ་རེད་ཅེས་བསྟན། ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་ལི་སུང་ཝན་གྱིས་བྱང་ཀོ་རི་ཡའི་དམག་མི་བསད་རྨས་བྱུང་བ་དེ་དག་གི་གྲས་སུ་མཐོ་རིམ་དམག་དཔོན་ཁག་ཅིག་ཀྱང་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག
ཕྱི་ཟླ་༡༢་པའི་ཚེས་༡༩་ཉིན་ཡུཀ་རེན་གྱི་ཀིབ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བྱང་ཀོ་རི་ཡའི་དམག་མི་རྨས་མ་༢༠༠་ལྷག་ར་ཤི་ཡའི་རྒྱལ་ས་མོ་སི་ཀོའི་ཉེ་འགྲམ་གྱི་སྨན་ཁང་ཞིག་ཏུ་བསྐྱལ། ཡུཀ་རེན་གྱི་དམག་གིས་རྒོལ་རྡུང་བྱས་ནས་ར་ཤི་ཡ་དང་བྱང་ཀོ་རི་ཡའི་དམག་མི་ཚོར་ཇུས་ཉེས་ཆེན་པོ་བྱུང་། ར་ཤི་ཡའི་སྨན་ཞབས་པ་ཞིག་གིས་སྨན་ཁང་གི་ཉལ་ཁྲི་ཚང་མ་བྱང་ཀོ་རི་ཡའི་དམག་མི་རྨས་མ་ཚོར་ཟུར་འཇོག་བྱས་ནས་ར་ཤི་ཡའི་དམག་མི་རྨས་མ་རྣམས་ཟུར་དུ་འཕུད་འདུག བྱང་ཀོ་རི་ཡའི་དམག་མི་དེ་ཚོ་དམྱལ་བ་མྱུག་ན་ཏག་ཏག་རེད། ཁ་སང་མེ་འཁོར་ནང་དུ་བྱང་ཀོ་རི་ཡའི་དམག་མི་རྨས་མ་༡༠༠་ནས་༡༢༠་ཡས་མས་ཤིག་འབྱོར་བྱུང་། ང་ཚོའི་སྨན་ཁང་འདིར་བྱང་ཀོ་རི་ཡའི་དམག་མི་རྨས་མ་༢༠༠་ལྷག་ཡོད། མདུན་ས་ཁག་ཏུ་བྱང་ཀོ་རི་ཡའི་དམག་མི་ཅི་ཙམ་ཡོད་མེད་ནི་དཀོན་མཆོག་གིས་མཁྱེན་ཞེས་ཁ་པར་ནང་དུ་སྐྱེས་པ་ཞིག་ལ་ཁ་བརྡ་བྱེད་ཀྱི་ཡོད་པ་ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་ལྐོག་ཉན་ཐུབ་འདུག
ར་ཤི་ཡའི་སྨན་ཞབས་པ་དེས་ཁ་བརྡ་བྱ་ཡུལ་སྐྱེས་པ་དེ་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཁར་ཀིབ་མངའ་ཁུལ་གྱི་དམག་ས་ཞིག་ཏུ་ཡོད་ཅིང་། སྐྱེས་པ་དེ་ཧ་ལམ་སྨན་ཞབས་པ་དེའི་ཁྱོ་ག་ཡིན་པར་སྣང་། སྨན་ཞབས་པ་དེས་བྱང་ཀོ་རི་ཡའི་དམག་མི་དེ་ཚོ་དྲག་གྲས་དམག་མི་རེད་ཟེར་འདུག ཁོ་ཚོར་དམིགས་བསལ་ཞེ་དྲགས་བྱེད་ཀྱི་འདུག བྱང་ཀོ་རི་ཡའི་དམག་མི་ཚོས་ཟུག་གཅོག་བཟི་ཁབ་རྒྱག་དགོས་ཟེར་ན་ངས་རྒྱག་གི་མེད། ངས་ཁོ་ཚོར་སྡུག་གྱོང་རེད་ཟེར་གྱི་ཡོད། ཁོ་ཚོས་ཅི་ཞིག་ཟེར་གྱི་ཡོད་པ་ངས་གཏན་ནས་གོ་ཡི་མི་འདུག བྱང་ཀོ་རི་ཡའི་དམག་མི་དེ་ཚོར་གོ་བརྡ་འཕྲོད་ཐབས་བྲལ། སྤྲང་པོ་དེ་ཚོ་ཐམས་ཅད་གཅིག་པ་རེད། ང་ཚོས་གོ་བརྡ་ཇི་ལྟར་འཕྲོད་དགོས་པ་རེད། ཁོ་ཚོའི་ཐོད་པར་ཡི་གེ་འབྲི་དགོས་སམ། གཅན་གཟན་ཁང་གི་བྱོལ་སོང་ལྟར་རེད། ཁོ་ཚོས་ལྡབ་ལྡིབ་ཅིག་བཤད་པ་རྣམས་ངས་རྩ་བ་ནས་གོ་ཡི་མི་འདུག ང་ནི་སྨྱོ་གྲབས་བྱེད་ཀྱི་འདུག་ཅེས་བྱང་ཀོ་རི་ཡའི་དམག་མི་རྨས་མ་ཚོ་དང་ར་ཤི་ཡའི་སྨན་ཞབས་པ་ཚོས་ཕན་ཚུན་གོ་བརྡ་འཕྲོད་ཀྱི་མེད་པ་ར་འཕྲོད།།
ཡུཀ་རེན་གྱི་གསང་བའི་མི་སྣ་ལྐོག་ཉན་པ་ཚོས་ར་ཤི་ཡའི་དམག་མི་ཚོས་བྱང་ཀོ་རི་ཡའི་དཔུང་གྲོགས་ལ་དགའ་མོས་མེད་པ་ཤེས་རྟོགས་བྱུང་ཡོད་པ་སྟེ། ར་ཤི་ཡའི་དམག་མི་ཞིག་གིས་ཆུང་མར་ཁ་པར་བཏང་ནས་མི་མང་དཀྱུས་མའི་རླངས་འཁོར་ནང་དུ་བྱང་ཀོ་རི་ཡའི་དམག་མི་རྣམས་སྐྱེལ་འདྲེན་བྱེད་དགོས་ཀྱི་འདུག རྒྱ་མི་དེ་ཚོ་བསླེབས་བྱུང་། ང་ཕྱི་ལ་ཐོན་འགྲོ་ཡི་ཡིན། དམག་དཔོན་ཚོས་ལྐོག་མདའ་རྒྱག་མཁན་གྱིས་གསོད་རྒྱུ་བསམས་ནས་བྲོས་སོང་། བསད་པ་རྣམས་འདིར་དུར་སྦེད་བྱེད་ཀྱི་ཡོད་ཅེས་ཁ་བརྡ་བྱས། ཆུང་མ་དེས་ཡུཀ་རེན་གྱིས་ཚུར་རྒོལ་བྱས་པ་མ་རེད། ར་ཤི་ཡའི་དམག་མི་རྣམས་འཆི་བཞིན་ཡོད་པ་རེད། ཕུ་ཊིན་གྱིས་སྤོབས་ཉམས་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་ཅེས་གཤེས། སྐྱེས་པ་དེས་ང་ཚོའི་སྟོང་ཤོག་གི་དམག་མི་ཕྱེད་ཀ་ཙམ་ནགས་ཁྲོད་དུ་བྲོས་ནས་འཐབ་འཁྲུག་རྒྱག་གི་མི་འདུག ང་ཚོས་དཔུང་འཇུག་བྱས་པ་དེར་ལམ་ལྷོངས་མ་བྱུང་བར་མདུན་དུ་བཏང་བ་རྣམས་བསད་སོང་ཞེས་སྡུག་སྐད་བརྒྱབ།།
ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཀོ་རི་ཡའི་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བྱང་ཀོ་རི་ཡའི་དམག་མི་བསད་པ་རྣམས་ཀྱི་གདོང་པ་མེར་སྲེག་བཏང་ནས་ངོ་མི་ཟིན་པ་ཞིག་ཏུ་སྒྱུར་གྱི་འདུག བྱང་ཀོ་རི་ཡའི་དམག་མི་ཕོན་ཆེན་བསླེབས་ནས་ཡུཀ་རེན་གྱི་བཙན་ས་ཁག་ཏུ་དཔུང་འཇུག་བྱས་མོད། འོན་ཀྱང་བྱང་ཀོ་རི་ཡའི་དམག་མི་༢༠༠་ཡས་མས་ཤིག་བསད་རྨས་བྱུང་འདུག ར་ཤི་ཡའི་དམག་མི་ཚོས་བྱང་ཀོ་རི་ཡའི་དམག་མི་ཚོར་སྲོག་སྐྱོན་ཕོག་པ་གསང་ཐབས་སུ་ཕུང་པོ་དེ་དག་གི་གདོང་པ་མེར་སྲེག་གཏོང་གི་འདུག་ཅེས་སྐར་ཆ་༣༠་ཅན་གྱི་བརྙན་ཐུང་ཞིག་དྲྭ་ལམ་དུ་བཀྲམ། སྐར་ཆ་༢༤་ཅན་གྱི་བརྙན་ཐུང་གཞན་ཞིག་གི་ནང་དུ་ཐུར་གསེག་ཅིག་གི་ཁ་བའི་ཁྲོད་དུ་མི་ཁ་ཤས་ཀྱིས་ཕུང་པོ་ཞིག་མེར་སྲེག་གཏོང་གི་ཡོད་པ་དང་བརྙན་རིས་ཀྱི་གཤམ་དེར་ར་ཤི་ཡའི་དམག་གིས་བྱང་ཀོ་རི་ཡའི་དམག་མི་ཤི་བ་གསང་ནས་ཕུང་པོ་དེ་དག་གི་གདོང་པ་མེར་སྲེག་གཏོང་གི་ཡོད་པ་རེད་ཅེས་མཆན་བཀོད།།
སྲིད་འཛིན་ཛེ་ལན་སི་ཀིས་བྱང་ཀོ་རི་ཡའི་དམག་མི་རྣམས་ཕུ་ཊིན་གྱི་དོན་འཆི་དགོས་དོན་མེད། ཁོ་ཚོ་ཤི་བའི་རྗེས་སུའང་ར་ཤི་ཡའི་དམག་གིས་འདས་པོ་དེ་དག་གི་ཕུང་པོར་ཁྱད་གསོད་དང་རྩེད་སྤྱད་བྱས་ནས་རིན་ཐང་མི་བརྩི། སྨྱོ་སྤྱོད་འདི་ངེས་པར་དུ་མཚམས་འཇོག་བྱ་དགོས་ཞེས་ནན་གྱིས་བརྗོད། ཁ་སྔོན་ཕྱི་ཟླ་༡༠་ནང་བྱང་ཀོ་རི་ཡའི་དམག་མི་༡༢༠༠༠་ཡས་མས་ཤིག་ར་ཤི་ཡར་དཔུང་གྲོགས་སུ་འབྱོར། བྱང་ཀོ་རི་ཡས་སྒྱོགས་མདེལ་དང་ལྕགས་ཁྲབ་འཁོར་གཏོར་སྤྱད་འཕྲག་འཕེན་འབུར་མདའ། མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སོགས་ལྕགས་སྒྲོམ་༡༠༠༠༠་ལྷག་ར་ཤི་ཡར་བཙོངས། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ཨ་རི་དང་ནུབ་རྒྱལ་ཁབ་ཁག་གིས་ར་ཤི་ཡར་ཚོང་ལས་བཀག་ནས་ཉེས་ཆད་བཅད། ར་ཤི་ཡར་བྱང་ཀོ་རི་ཡ་དང་ཨི་རན་གཉིས་མ་གཏོགས་མཚོན་ཆ་ཉོ་ས་མེད་པར་གྱུར། ལོ་འདིའི་ཕྱི་ཟླ་༦་པའི་ར་ཤི་ཡ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད།།
ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་དམག་མི་ཚོ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པ་ནི་དམག་འཁྲུག་གི་མདུན་སར་བཏང་སྟེ་ཐང་གཤོངས་སུ་འཐབ་འཁྲུག་བརྒྱབ་མྱོང་མེད་པ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་ལ་གཡོལ་མ་ཤེས་པ། དེ་ལ་ཕར་རྒོལ་ཇི་ལྟར་བྱ་དགོས་མིན་སོགས་སྦྱོང་བརྡར་མ་ཐོབ་པས་རེད། ད་དུང་བྱང་ཀོ་རི་ཡའི་དམག་མི་ཚོས་སྐད་བརྡ་མ་འཕྲོད་པར་ར་ཤི་ཡའི་དམག་མི་ཚོ་འུ་ཐུག་སྟེ་རྡོག་ཁྲེས་ཤིག་ཏུ་རྩི་བཞིན་འདུག་ཅེས་གནས་ཚུལ་སྤེལ། གསར་འགོད་པ་ཁག་ཅིག་གིས་ཉིན་ཤས་གོང་དུ་བྱང་ཀོ་རི་ཡའི་དམག་མི་ཚོས་ཆེ་ཆི་ཎི་ཡའི་འཐབ་མོ་བ་རྣམས་ཡུཀ་རེན་གྱི་དམག་མི་རེད་བསམས་ནས་ཕར་རྒོལ་བྱས་ཏེ་མི་༨་བསད། ར་ཤི་ཡའི་གཞུང་དང་ཆེ་ཆི་ཎི་ཡའི་འགོ་ཁྲིད་ཚོས་བྱང་ཀོ་རི་ཡའི་དམག་གིས་གོ་ལོག་རྩེད་པ་གསང་བ་བྱེད་ཀྱི་འདུག་ཅེས་གནས་ཚུལ་ཐོན། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཕོ་བྲང་དཀར་པོས་བྱང་ཀོ་རི་ཡའི་དམག་མི་ཚོ་སྐབས་འགར་ར་ཤི་ཡའི་དམག་མིའི་གྲས་སུ་བསྲེས་པ་དང་སྐབས་འགར་ལོགས་སུ་དམག་འཁྲུག་རྒྱག་གི་འདུག་ཅེས་བཀྲལ་ལོ།།
གླེང་སྟེགས།