ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་གཞུང་གིས་ལྷ་བསང་གཏོང་བ་དང་རླུང་རྟ་དར་ལྕོག་སྒྲེང་འཛུགས་སོགས་བྱེད་མི་ཆོག་པའི་བཀག་རྒྱ་བཏང་འདུག


རྒྱ་ནག་གཞུང་གིས་གྲོང་ཁྱེར་ནང་གཏན་སྡོད་བྱེད་མཁན་བོད་མི་རྣམས་མཉམ་དུ་འདུ་འཛོམས་སོགས་ཀྱི་སྐབས་ལྷ་བསང་གཏོང་བ་དང་རླུང་རྟ་དར་ལྕོག་སྒྲེང་འཛུགས་སོགས་བྱེད་མི་ཆོག་པའི་བཀག་རྒྱ་བཏང་འདུག
རྒྱ་ནག་གཞུང་གིས་གྲོང་ཁྱེར་ནང་གཏན་སྡོད་བྱེད་མཁན་བོད་མི་རྣམས་མཉམ་དུ་འདུ་འཛོམས་སོགས་ཀྱི་སྐབས་ལྷ་བསང་གཏོང་བ་དང་རླུང་རྟ་དར་ལྕོག་སྒྲེང་འཛུགས་སོགས་བྱེད་མི་ཆོག་པའི་བཀག་རྒྱ་བཏང་འདུག

དེ་ཡང་དེང་སྐབས་བོད་ནང་རོང་འབྲོག་མང་ཚོགས་གྲོང་ཁྱེར་ནང་གནས་སྤོར་བྱས་ནས་འཚོ་བ་རོལ་མཁན་རྣམས་ལོ་རེར་དུས་ཆེན་སྐབས་སོགས་སུ་ཚང་མ་མཉམ་དུ་འཛོམས་ནས་སྤྲོ་སྐྱིད་གཏོང་བའི་སྐབས་བསང་གསོལ་དང་རླུང་རྟ་དར་ལྕོག་སྒྲེང་འཛུགས་བྱེད་ཀྱི་ཡོད་ནའང་། ད་ཆ་རྒྱ་ནག་གཞུང་གིས་དེ་རིགས་བྱེད་མ་ཆོག་པའི་བཀག་རྒྱ་བཏང་འདུག རང་གི་བདེ་འཇགས་ཆེད་མཚན་སྨོས་གནང་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་སྔོན་མ་ཡིན་ན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་གཏན་སྡོད་བོད་མི་རྣམས་ཚེས་བཟང་དུས་བཟང་དང་། ལྷག་པར་དུ་དབྱར་ཁའི་དུས་སུ་སྤྲོ་སྐྱིད་གླིང་ཀ་དེ་འདྲར་མཉམ་དུ་འཛོམས་ནས་ཐུགས་སྤྲོ་གཏོང་གི་ཡོད་པ་མ་ཟད། བོད་རང་གི་སྲོལ་རྒྱུན་ལྟར་ཐོག་མར་བསང་གསོལ་གཏོང་བ་དང་རླུང་རྟ་དར་ལྕོག་སྒྲེང་བ་སོགས་བྱེད་ཀྱི་ཡོད། དམིགས་བསལ་ཟི་ལིང་གྲོང་ཁྱེར་གྱི་དབུས་སུ་རྒྱུགས་པའི་ཙོང་ཆུའི་ཁར་ནམ་རྒྱུན་བསང་གསོལ་གཏོང་སའི་བསང་ཁྲི་དང་ཚ་གསུར་གཏོང་ས། ཉེ་འགྲམ་གྱི་ཤིང་སྡོང་འགོ་སོགས་སུ་རླུང་རྟ་དར་ལྕོག་སྒྲེང་ནས་བཞག་ཡོད་མོད་། ད་ཆ་རྒྱ་ནག་གཞུང་གི་བཀའ་ཁྲིམས་སླེབས་ནས་དེ་སྔ་བསང་གསོལ་གཏོང་སའི་བསང་ཁྲི་དང་ཚ་གསུར་གཏོང་ས་སོགས་གཏོར་གཤིགས་བྱས་ནས་ཤུལ་མེད་པ་བཟོས་འདུག ཤིང་སྡོང་སྟེང་བཏག་ཡོད་པའི་རླུང་རྟ་དར་ལྕོག་སོགས་ཀྱང་མར་བླངས་ནས་མེད་པར་བཟོས་འདུག ད་ནས་བཟུང་མི་མང་འདུ་འཛོམས་སྐབས་སུ་བསང་གསོལ་དང་ཚ་གསུར་སོགས་གཏང་མི་ཆོག་པའི་བཀག་རྒྱ་བསྡམས་སོང་ཞེས་འགྲེལ་བརྗོད་བྱེད་ཀྱི་འདུག

སྦྱིར་ཟི་ལང་གྲོང་ཁྱེར་ནང་གཏན་སྡོད་བོད་མི་འགའ་ཞིག་རྒྱལ་ཁབ་ཀྱི་ལས་བྱེད་ཡིན་པ་དང་། མི་མང་ཆེ་བ་སློབ་གྲྭ་འགྲིམས་བཞིན་པའི་སློབ་མ་དང་ཚོང་པ། སྦྱིར་བཏང་མང་ཚོགས་ཡིན་པ་རེད།

ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཏན་སྡོད་བོད་མི་རྣམས་ཀྱི་གནས་སྟངས་སྐོར་དྲིས་པར་ཁོང་གིས་བརྗོད་ན་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ནམ་རྒྱུན་བསང་གསོལ་གཏོང་སའི་བསང་ཁྲི་ཡོད་པ་དེ་སྔར་ལོ་ནས་བཟུང་རྒྱལ་ཁབ་ཀྱི་ཚོད་འཛིན་རང་བཞིན་གྱི་སྒོ་ནས་མང་ཚོགས་ལ་བསང་གསོལ་གཏོང་དུ་འཇོག་གི་མེད། འོན་ཀྱང་བསང་ཁྲི་གཏོར་གཤིག་བྱས་མི་འདུག རྒྱ་ནག་གཞུང་གིས་གཙོ་བོ་མེ་སྐྱོན་ལ་ཁ་གཡར་ནས་སྒོ་བརྒྱབས་པ་རེད་མོད། དོན་དངོས་ལ་ལྷ་སར་གཏན་བོད་མི་ཚོའི་ཁྲོད་དུ་སྲིད་གཞུང་གི་ལས་བྱེད་མང་པོ་ཡོད་པས་གཞུང་གི་ལས་བྱེད་ཞིག་ཡིན་ཕྱིན་བསང་གསོལ་གཏོང་བ་དང་ཕྱག་འཚལ་བསྐོར་གསོག་བྱེད་མི་ཆོག་པར་བཀག་སྡོམ་བྱས་ནས་ལོ་འགའ་སོང་ཡོད་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ་ སྐབས་རེར་རྒྱན་ཆའི་ཚུལ་དུ་ཕྲེང་བ་བཏགས་ནའང་སྲིད་གཞུང་གི་ལས་བྱེད་ཞིག་ཡིན་ཚེ་བཀག་འགོག་དང་འདྲི་བརྩད་སོགས་བྱས་ནས་བསུན་རྩིར་བཟོ་ཡི་ཡོད། དེར་བརྟེན་གཙུག་ལག་ཁང་གི་མདུན་གྱི་བསང་ཁྲི་སྒོ་བརྒྱབ་ནས་བཞག་ནའང་དེ་ལ་བསམ་ཚུལ་བཤད་ཁག་པོ་རེད། འདས་པའི་དུས་ལ་གཙུག་ལག་ཁང་གི་གཡས་གཡོན་དུ་དམག་མི་རྒྱུན་སྡོད་ཀྱི་ཞིབ་བཤེར་ས་ཚིགས་བཙུགས་ནས་བཞག་ཡོད། དེང་སྐབས་འཕྲུལ་ཆས་མང་པོ་ཞིག་བཙུགས་ནས་བཞག་ཡོད་པ་དང་མི་མང་ཚོའི་རང་འགུལ་གྱི་སྤྱི་མང་ཐོབ་ཐང་ཡི་གེ་རྒྱ་སྐད་དུ་ཧྲིན་ཧྥིན་གྲིན་འཕྲུལ་ཆས་བརྒྱུད་ནས་འགྲོ་བསྐྱོད་བྱེད་དགོས་བ་དང་། དེ་ནས་འཐད་ཀར་གནས་ཚུལ་ཚང་མ་ཉེན་རྟོག་ཁང་ནས་ཤེས་རྟོག་ཐུབ་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག

གནས་ཚུལ་བྱུང་ཁུངས། མིང་སྨོསབྱེད་འདོད་པའི་མི་སྣ།

གསར་འགོད་པ། ཀུན་བཟང་བསྟན་འཛིན།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG