༄༅།། ཨ་མི་རི་ཀས་ར་ཤི་ཡ་དང་ཡུཀ་རེན་གཉིས་ཀྱིས་ཟླ་བ་གཅིག་ལ་མེ་འཕེན་མཚམས་འཇོག་བྱ་དགོས་ཞེས་བར་འདུམ་བྱས་པ་ལྟར་ཕུ་ཊིན་གྱིས་མེ་འཕེན་མཚམས་འཇོག་གི་ཆ་རྐྱེན་བཏོན། ཕྱི་ཟླ་༣་པའི་ཚེས་༡༣་ཉིན་དབྱིན་ཇིའི་དར་འཕྲིན་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་མི་ཆོག ཡུཀ་རེན་གྱི་ས་ཐོག་ཏུ་ཕྱི་རྒྱལ་གྱི་ཞི་བདེ་སྲུང་དམག་འཇོག་མི་ཆོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁེ་རི་མཱི་ཡ་གླིང་ཟུར་དང་ཛ་པོ་རི་ཤི་ཡ། ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཁར་སན་བཅས་ས་གནས་ལྔ་ར་ཤི་ཡའི་མངའ་ཁོངས་སུ་གཏོགས་པ་ངོས་ལེན་བྱ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། ཁེ་རེ་མཱི་ཡ་གླིང་ཟུར་ནི་༢༠༡༤་ལོར་ར་ཤི་ཡའི་དམག་གིས་ཕྲོགས་པ་དང་ཞིང་ཆེན་གཞན་པ་བཞི་༢༠༢༢་ལོར་བཙན་འཛུལ་དམག་འཁྲུག་ལངས་ནས་ར་ཤི་ཡའི་ལག་ཏུ་ཤོར། ཉམས་ཞིབ་པ་ཚོས་སྲིད་འཛིན་ཊམ་ནས་ཕུ་ཊིན་གྱིས་བཏོན་པའི་ཆ་རྐྱེན་དེ་ཚོར་མོས་མཐུན་བྱེད་སྲིད་ཅེས་གླེང་།།
སྲིད་འཛིན་ཊམ་གྱིས་ར་ཤི་ཡས་གནམ་དམག་དང་འཕུར་མདེལ། སྐམ་དམག་གིས་ཡུཀ་རེན་ལ་རྒོལ་རྡུང་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ཨ་མ་རི་ཀས་བར་འདུམ་བྱེད་ཀྱི་ཡོད་པ་འདིར་ར་ཤི་ཡས་མོས་མཐུན་མ་བྱས་ན་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྔར་ལས་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། དེ་རིང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཊམ་གྱི་གྲོས་མོལ་རུ་ཁག་ཅིག་ར་ཤི་ཡར་བསྐྱོད་ནས་མེ་འཕེན་མཚམས་འཇོག་གི་གྲོས་མོལ་བྱ་རྒྱུ་ཡིན་ཞིང་། ར་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཨ་རིའི་གྲོས་མོལ་རུ་ཁག་ཅིག་མོ་སི་ཀོར་ཕེབས་ཀྱི་ཡོད་པ་བདེན་པ་རེད། ང་ཚོས་གྲོས་མོལ་མ་བྱས་སྔོན་ལ་བྱུང་རྒྱལ་དུ་སྨྲས་ན་ཡག་པོ་ཡོད་པ་མ་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལན་འདེབས་གསལ་པོ་ཞིག་མ་བྱས་ཤིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རི་དང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སོ་ཌི་ཨ་རེ་བྷི་ཡར་ཐུག་འཕྲད་བྱས་ནས་ཉི་མ་༣༠་ཐམ་པར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།།
ཕྱི་ཟླ་༣་པའི་ཚེས་༡༣་ཉིན་ཨེ་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་ཀོར་སི་ཀ་མངའ་ཁུལ་གྱི་ར་ཤི་ཡའི་དམག་དཔུང་བཀོད་འདོམས་ཁང་དུ་ཕུ་ཊིན་རྟོག་ཞིབ་ལ་བསླེབས། ཁོ་པས་ར་ཤི་ཡའི་དམག་ལ་ང་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྐུ་ཚབ་ཚོར་གྲོས་མོལ་བྱ་འཆར་ཡོད། གྲོས་མོལ་གྱི་སྔོན་དུ་ཀོར་སི་ཀ་མངའ་ཁུལ་དུ་ལུས་ཡོད་པའི་ཡུཀ་རེན་གྱི་དམག་དཔུང་མཐར་སྐྲོད་བཏང་སྟེ་རྩ་མེད་ཐོངས། ཁྱེད་ཚོའི་ལས་འགན་ནི་གང་མགྱོགས་དགྲ་དམག་ཆམ་ལ་ཕབ་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ལེན་དགོས་པ་དང་སྔོན་གྱི་ས་མཚམས་དེ་སླར་གསོ་བྱོས། ངས་ཁྱེད་ཚོས་འཕྲལ་དུ་ཀོར་སི་ཀ་མངའ་ཁུལ་བཅིངས་འགྲོལ་གཏོང་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་བཀའ་ཕབ། ན་ནིང་ཕྱི་ཟླ་༨་ནང་ཡུཀ་རེན་གྱི་དམག་གིས་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་ས་ཆ་རྒྱ་ཆེན་པོ་ཞིག་བླངས།།
ཁ་སྔོན་ཕྱི་ཟླ་༡༡་པའི་ཟླ་མཇུག་ཏུ་ར་ཤི་ཡ་དང་བྱང་ཀོ་རི་ཡའི་མཉམ་འབྲེལ་དམག་དཔུང་གིས་ཀོར་སི་ཀ་མངའ་ཁུལ་དུ་་ཡུཀ་རེན་གྱི་དམག་ལ་འཐབ་རྒོལ་བྱ་མགོ་བརྩམས། ཡུཀ་རེན་གྱིས་དམག་གིས་ར་ཤི་ཡ་དང་བྱང་ཀོ་རི་ཡའི་དམག་ལ་ཁ་གཏད་བཅག་ནས་ཟླ་ཤས་འདས། གཟའ་འཁོར་འདིར་ཀོར་སི་ཀ་མངའ་ཁུལ་གྱི་གྲོང་རྡལ་ཆེ་ཤོས་སུད་ཞཱ་ཞེས་པ་དེ་ར་ཤི་ཡའི་དམག་གིས་ཕྱིར་ལེན་བྱས་ནས་རྒྱལ་དར་བཙུགས། ཡུཀ་རེན་གྱི་དམག་དཔུང་བྲེལ་འཚབ་ངང་དུ་ཕྱིར་འཐེན་བྱ་དགོས་པར་གྱུར། ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཀོར་སི་ཀ་མངའ་ཁུལ་གྱི་ས་ཆ་ཚང་མ་ཕྱིར་ལེན་མ་བྱས་པར་ཡུཀ་རེན་ལ་མེ་འཕེན་མཚམས་འཇོག་གི་གྲོས་མོལ་བྱ་རྒྱུ་མིན་པའི་རྣམ་འགྱུར་བསྟན། ཡུཀ་རེན་གྱི་གཞུང་གིས་མཐའ་མཇུག་ར་ཤི་ཡར་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་དགོས་པར་འགྱུར་ཤས་ཆེ། ཀོར་སི་ཀ་མངའ་ཁུལ་གྱི་ར་ཤི་ཡའི་ས་ཆ་རྒྱ་ཆེན་ཞིག་ཕྲོགས་ན་ཕྱིས་སུ་གྲོས་མོལ་སྐབས་དེར་ཕན་ཐོགས་འབྱུང་གི་རེད་ཅེས་བསམ་བློ་བཏང་ནས་ཀོར་སི་ཀ་མངའ་ཁུལ་དུ་དམག་དྲངས།།
གཟའ་ལྷག་པའི་ཉིན་ཕུ་ཊིན་གྱིས་མ་འོངས་པར་ཡུཀ་རེན་གྱི་ས་མཚམས་ཁག་ནས་བཙན་འཛུལ་མི་འབྱུང་བ་དང་མཐའ་མཚམས་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་དམིགས་བསལ་གྱི་བསམ་ཞིབ་བྱེད་ཀྱི་ཡོད། ར་ཤི་ཡའི་ས་ཐོག་ཏུ་མི་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་ན་འཇིགས་སྐུལ་རིང་ལུགས་ལ་ངོས་འཛིན་བྱ་རྒྱུ་ཡིན། ཕྱི་རྒྱལ་གྱི་གླས་དམག་ལ་ཇཱི་ཎི་ཡའི་ཆིངས་ཡིག་གི་སྲུང་སྐྱོབ་ཐོབ་ཐང་མེད་ཅེས་བསྒྲགས། ཉེ་ཆར་སྲིད་འཛིན་ཊམ་གྱིས་ཡུཀ་རེན་ལ་སྐྱོན་བརྗོད་དྲག་པོ་དང་ཕོ་བྲང་དཀར་པོར་སྲིད་འཛིན་ཛེ་ལན་སི་ཀར་མཐོང་ཆུང་ཁྱད་གསོད། ཡུཀ་རེན་ལ་གནོན་ཤུགས་སྤྲད་ནས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་འདི་འཇོག་ཏུ་བཅུག ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་རིའི་བར་འདུམ་ལ་དགའ་བསུ་ཞུས་ཀྱང་ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་འབྲེལ་བ་དམ་ཟབ་འཛིན་གྱི་ཡོད་པ་ཉེན་ཁ་ཞིག་ཏུ་བརྩིས།།
ཕྱི་ཟླ་༣་པའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ར་ཤི་ཡར་རྒྱལ་ཁ་འཐོབ་ཀྱི་ཡོད་པས་ཕུ་ཊིན་གྱིས་མེ་འཕེན་མཚམས་འཇོག་གི་འབར་འདུམ་ལ་མོས་མཐུན་བྱ་རྒྱུ་ཁག་པོ་རེད། ཁོ་པས་རྟག་ཏུ་གནས་སྐབས་ཀྱི་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་རྒྱུ་མིན། དེ་ནི་ཡུཀ་རེན་དང་དེའི་རྒྱབ་སྐྱོར་བ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཚོན་ཆ་གྲ་སྒྲིག་བྱ་ཐབས་ཤིག་རེད། ར་ཤི་ཡར་རྟག་བརྟན་གྱི་ཞི་བདེའི་གྲོས་མཐུན་ཞིག་འཇོག་འདོད་ཡོད་ཟེར་གྱི་འདུག ཕུ་ཊིན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་བར་འདུམ་ལ་ཉན་འཇོག་དང་ཨ་རིའི་གནོན་ཤུགས་ལ་མགོ་སྒུར་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། གལ་སྲིད་ཕུ་ཊིན་གྱིས་ཨ་རིའི་བར་འདུམ་ལ་མ་མཉན་ན་ཌོ་ནལ་ཊམ་གྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ར་ཤི་ཡར་དཀའ་ངལ་འཕྲད་སྲིད། ཡུཀ་རེན་ལ་དམག་འཁྲུག་བརྒྱབ་ནས་ར་ཤི་ཡའི་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་རྦད་དེ་ཉམས་དམས་སུ་བཏང་ཡོད་པ་རེད་ཅེས་བཀྲལ།།
ཕྱི་ཟླ་༣་པའི་ཚེས་༡༢་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་པོ་ལན་ཌི་དང་འཇར་མན་ཎི། ཧྥ་རན་སི་དང་ཨི་ཊ་ལི། དབྱིན་ཇི་བཅས་རྒྱལ་ཁབ་ལྔའི་རྒྱལ་སྲུང་བློན་ཆེན་རྣམས་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ཚོགས་འདུ་ཚོགས་ཏེ་ཡུཀ་རེན་གྱི་འཕྲལ་ཕུགས་བདེ་འཇགས་ཐད་གྲོས་མོལ་ཚུགས། ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་སི་བྷ་སི་ཤན་ལེ་ཀོར་ནུས་(Sebastien Lecornu)་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་གིས་ར་ཤི་ཡར་ཐད་ཀར་གྲོས་མོལ་བྱས་ནས་དམག་འཁྲུག་མཇུག་སྒྲིལ་བྱ་ཐབས་བྱེད་བཞིན་པ་དེ་དོགས་ཟོན་བྱ་དགོས་པ་ཞིག་རེད། ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་གྲོས་མཐུན་ཞིག་ཡོང་གི་འདུག དམག་འཁྲུག་རྗེས་སུ་ཡུཀ་རེན་དམག་དཔུང་མེད་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ན་དགེ་མཚན་མེད། དེང་སྐབས་ཡུཀ་རེན་དམག་དཔུང་མེད་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་དགོས་ཟེར་གྱི་ཡོད་པ་དེ་འགྲུབ་དཀའ། རྒྱལ་ཁབ་དེའི་མཐར་ཐུག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ཁུར་དེ་ཡུཀ་རེན་གྱི་དམག་དཔུང་གིས་ལེན་དགོས་ཞེས་གསལ་བསྒྲགས་སྤེལ།།
རྒྱལ་སྲུང་བློན་ཆེན་ལེ་ཀོར་ནུས་མུ་མཐུད་དུ་བཤད་པ་ལྟར་ན། ཡུ་རོབ་རྒྱལ་ཁབ་བཅོ་ལྔས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་བྱ་རྒྱུའི་རྣམ་འགྱུར་ཐོན། དམག་འཁྲུག་གི་གཞུག་ཏུ་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་འགན་ལེན་འབའ་ཞིག་ནི་ཡུ་རོབ་རྒྱལ་ཁབ་ཁག་གི་ཞི་བདེ་སྲུང་དམག་འགྲེམ་འཇོག་བྱ་རྒྱུ་དེ་རེད། ཡུ་རོབ་ཀྱི་ཞི་བདེ་སྲུང་དམག་འཇོག་དགོས་མིན་འཕྲལ་དུ་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས་པ་ཞིག་མིན་ཞེས་ནན་གྱིས་བརྗོད། པོ་ལན་ཌིའི་རྒྱལ་སྲུང་བློན་ཆེན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་པར་བསྔགས་བརྗོད་ཡོད། ར་ཤི་ཡ་ནི་ཡུ་རོབ་གླིང་ལ་ཉེན་ཁ་ཞིག་རེད། ང་ཚོ་ཚང་མས་ར་ཤི་ཡར་རྒྱང་ཐག་རིང་དུ་གཏང་གང་ཐུབ་བྱ་དགོས། ང་ཚོའི་དམིགས་ཡུལ་འདི་མངོན་དུ་འགྱུར་བར་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་དགོས་ཞེས་ནན་བརྗོད་བྱས་པའི་གསར་འགྱུར་ཐོན་འདུག
གླེང་སྟེགས།