ཨ་རིའི་སྲིད་འཛིན་འགའ་ལྐོག་གསོད་བྱུང་བའི་ལོ་རྒྱུས་ལ་ཆེ་ལོང་ཙམ་ལྟ་བ།

༡༨༦༥་ལོའི་ཕྱི་ཟླ་༤་པའི་ཚེས་༡༤་ཉིན་ཨ་རིའི་སྲིད་འཛིན་༡༦་པ་ལིན་ཀིན་ཟློས་གར་ཁང་དུ་འཁྲབ་སྟོན་ཞིག་ལ་གཟིགས་བཞིན་པའི་སྐབས་སུ་རྒྱབ་ལོགས་ནས་ཇཱོན་ཝིལ་ཀི་སི་བྷུད་ཟེར་བ་ཞིག་གིས་མེ་མདའ་བརྒྱབ་

༢༠༢༤་ལོའི་ཕྱི་ཟླ་༧་པའི་ཚེས་༡༣་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་ལོ་ན་༢༠་ཐམ་པར་སོན་པའི་ཕོ་གསར་ཐོ་མེ་སི་མེ་ཐིའུ་ཀུ་རུཀ་སི་ཞེས་པ་ཞིག་གིས་མེ་མདའ་བརྒྱབ་ནས་འགྲོང་ཐབས་བྱས།

༄༅།། ༢༠༢༤་ལོའི་ཕྱི་ཟླ་༧་པའི་ཚེས་༡༣་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་ལོ་ན་༢༠་ཐམ་པར་སོན་པའི་ཕོ་གསར་ཐོ་མེ་སི་མེ་ཐིའུ་ཀུ་རུཀ་སི་ཞེས་པ་ཞིག་གིས་མེ་མདའ་བརྒྱབ་ནས་འགྲོང་ཐབས་བྱས་ནས་བཟུང་། ཨ་རིའི་གསར་འགྱུར་ལས་ཁུངས་ཁག་གིས་འདས་པའི་ལོ་ཟླའི་ནང་དུ་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་ཟུར་པ། སྲིད་འཛིན་འོས་མི་དང་འདེམས་ཐོན་སྲིད་འཛིན་ཁག་ལྐོག་གསོད་བྱུང་བ་དང་གསོད་ཐབས་བྱས་པའི་བྱུང་བ་རྣམས་བསྐྱར་དུ་གླེང་། ཕྱི་ཟླ་༧་པའི་ཚེས་༡༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༨༦༥་ལོའི་ཕྱི་ཟླ་༤་པའི་ཚེས་༡༤་ཉིན་ཨ་རིའི་སྲིད་འཛིན་༡༦་པ་ལིན་ཀིན་སྟངས་དཔྱལ་གཉིས་ཀྱིས་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཧྥོར་ཌི་སི་ཟློས་གར་ཁང་དུ་འཁྲབ་སྟོན་ཞིག་ལ་གཟིགས་བཞིན་པའི་སྐབས་སུ་རྒྱབ་ལོགས་ནས་ཇཱོན་ཝིལ་ཀི་སི་བྷུད་ཟེར་བ་ཞིག་གིས་མེ་མདའ་བརྒྱབ་ནས་སྲིད་འཛིན་ལ་རྨས་སྐྱོན་ཚབས་ཆེན་ཕོག

ཇཱོན་བྷུད་ཟློས་གར་ཁང་ནས་བྲོས་པ་དང་སྲིད་འཛིན་ལིན་ཀིན་འཕྲལ་དུ་སྲང་ལམ་ཕར་ཕྱོགས་ཀྱི་ཁང་པ་ཞིག་གི་ནང་དུ་ཁྱེར་ནས་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བར་ཕྱི་ཉིན་ཞོགས་པར་གྲོངས། ཟླ་བ་དེའི་ཕྱི་ཚེས་༢༦་ཉིན་ཨ་རིའི་དམག་མིས་ཇཱོན་བྷུད་རྒྱལ་སའི་ཉེ་འཁྲིས་ཀྱི་ཝིར་ཇཱི་ཎི་ཡ་མངའ་སྡེའི་བྷོ་ལིང་གྷེ་རིང་ཟེར་བའི་ས་གནས་སུ་སྐུང་ཡོད་པ་ཤེས་རྟོགས་བྱུང་སྟེ་མེ་མདའ་བརྒྱབ་ནས་བསད། སྲིད་འཛིན་ལིན་ཀིན་མ་བཀྲོངས་པའི་ལོ་གཉིས་ཀྱི་སྔོན་དེ་ཨ་རིར་ནང་འཁྲུག་ལངས་ཡོད་པའི་དུས་སྐབས་ཡིན་ཞིང་། ལིན་ཀིན་གྱི་སྲིད་གཞུང་གིས་ལྷོ་ཕྱོགས་མངའ་སྡེ་ཁག་ཏུ་བྲན་གཡོག་ལམ་ལུགས་རྒྱུན་འཁྱོངས་བྱེད་མི་ཆོག་ཅེས་སྤྱི་བསྒྲགས་སྤེལ། ཨ་མི་རི་ཀའི་མི་རིགས་ནག་པོ་ས་ཡང་མང་པོར་བཅིངས་འགྲོལ་ཐོབ་པ་དང་ལྷོ་ཕྱོགས་ཀྱི་གྱེན་ལོག་མངའ་སྡེ་ཁག་གི་མི་རིགས་དཀར་པོ་ཚོས་སྲིད་འཛིན་ལིན་ཀིན་དགྲ་རུ་བཟུང་། ཨེབ་རཱེམ་ལིན་ཀིན་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་བཀྲོངས་པ་དང་པོ་དེར་གྱུར།།

སྲིད་འཛིན་གྷར་ཧྥིལ་རྒྱལ་ས་ཝ་ཤིང་ཊོན་ནས་ནེའུ་ཨིན་ལན་ཌིར་བསྐྱོད་པའི་མེ་འཁོར་འབབ་ཚུགས་སུ་ཆལ་སི་གྷི་ཐོ་ཞེས་པའི་སྐྱེས་པ་ཞིག་གིས་མེ་མདའ་བརྒྱབ།

༡༨༨༡་ལོའི་ཕྱི་ཟླ་༧་པའི་ཚེས་༢་ཉིན་ཨ་རིའི་སྲིད་འཛིན་༢༠་པ་ཇཱེམ་སི་གྷར་ཧྥིལ་་གྱིས་ལས་ཁུར་བཞེས་ནས་ཟླ་བ་༦་ལས་ཕྱིན་མེད་པའི་མཚམས་སུ་བཀྲོངས། དེ་ནི་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་བཀྲོངས་པ་ཐེངས་གཉིས་པ་ཡིན་ཞིང་། སྲིད་འཛིན་གྷར་ཧྥིལ་རྒྱལ་ས་ཝ་ཤིང་ཊོན་ནས་ནེའུ་ཨིན་ལན་ཌིར་བསྐྱོད་པའི་མེ་འཁོར་འབབ་ཚུགས་སུ་ཆལ་སི་གྷི་ཐོ་ཞེས་པའི་སྐྱེས་པ་ཞིག་གིས་མེ་མདའ་བརྒྱབ། ཁ་པར་གསར་གཏོད་པ་ཨ་ལིཀ་ཛན་ཌར་གྷ་རམ་བྷེལ་(Alexander Braham Bell)་གྱིས་སྲིད་འཛིན་གྷར་ཧྥིལ་གྱི་བྲང་དུ་ཕོག་པའི་མདེའུ་བཙལ་ནས་འདོན་ཐབས་བྱས་ཀྱང་མ་རྙེད། སྲིད་འཛིན་གྷར་ཧྥིལ་ཟླ་ཤས་རིང་ཕོ་བྲང་དཀར་པོར་བཞུགས་ཀྱང་ལོ་དེའི་ཕྱི་ཟླ་༩་ནང་ནེའུ་ཇར་སིར་ཁྱེར་ནས་གྲོངས། སྲིད་འཛིན་གཞོན་པ་ཆེ་སི་ཊར་ཨོ་ཐར་གྱིས་ལས་རྒྱུན་བསྐྱངས་པ་དང་ཆལ་སི་གྷི་ཐོ་༡༨༨༢་ལོའི་ཕྱི་ཟླ་༦་པའི་ནང་སྐེ་ལ་ལྕེབ་ཐག་བསྐོན་ནས་བསད།།

༡༩༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་༢༥་པ་ཝི་ལིམ་མཱེ་ཁན་ལེས་ནེའུ་ཡོཀ་མངའ་སྡེའི་བྷ་ཧྥེ་ལོ་ས་གནས་སུ་མི་མང་ལ་གཏམ་བཤད་ཚར་ཏེ་མང་ཚོགས་བང་བསྒྲིགས་ཡོད་པ་དེ་དག་ལ་ལག་པ་གཏོང་བའི་སྐབས་སུ་མི་ཞིག་གིས་འཁྲིས་ནས་མེ་མདའ་བརྒྱབ་སྟེ་མདེའུ་གཉིས་སྲིད་འཛིན་གྱི་བྲང་ཁོག་ཏུ་ཕོག

༡༩༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་༢༥་པ་ཝི་ལིམ་མཱེ་ཁན་ལེས་ནེའུ་ཡོཀ་མངའ་སྡེའི་བྷ་ཧྥེ་ལོ་ས་གནས་སུ་མི་མང་ལ་གཏམ་བཤད་ཚར་ཏེ་མང་ཚོགས་བང་བསྒྲིགས་ཡོད་པ་དེ་དག་ལ་ལག་པ་གཏོང་བའི་སྐབས་སུ་མི་ཞིག་གིས་འཁྲིས་ནས་མེ་མདའ་བརྒྱབ་སྟེ་མདེའུ་གཉིས་སྲིད་འཛིན་གྱི་བྲང་ཁོག་ཏུ་ཕོག སྨན་པ་ཚོས་སྲིད་འཛིན་མཱེ་ཁན་ལེ་དྲག་སྐྱེད་འབྱུང་རྒྱུའི་རེ་ལྟོས་བཅངས་ཀྱང་རྨས་སྐྱོན་ཕོག་སར་ཁྲག་མ་བརྒྱུགས་པར་ལས་དུས་གཉིས་པ་འགོ་བཙུགས་ནས་ཟླ་བ་༦་གི་གཞུག་སྟེ། ༡༩༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༤་ཉིན་རྨ་ཁ་མ་སོས་པར་གྲོངས། སྲིད་འཛིན་གཞོན་པ་ཐིའོ་དྷོར་རུ་སི་ཝེལ་སྲིད་འཛིན་ལ་བསྐོས། ལོ་ན་༢༨་ལ་སོན་པའི་སྐྱེས་པ་ལེ་འོང་ཆོལ་གྷོ་སི་ཞེས་པའི་ལས་ཤོར་བ་ཞིག་གིས་སྲིད་འཛིན་མཱེ་ཁན་ལིར་མེ་མདའ་བརྒྱབ་པ་ཁས་བླངས། ༡༩༠༡་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་ཆོལ་གྷོ་སི་གློག་གི་རྐུབ་བཀྱག་སྟེང་དུ་བཞག་ནས་བསད།།

༡༩༦༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་ཨ་རིའི་སྲིད་འཛིན་༣༥་པ་ཁེ་ཎི་ཌི་བཀྲོངས།

༡༩༦༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་ཨ་རིའི་སྲིད་འཛིན་༣༥་པ་ཁེ་ཎི་ཌི་བཀྲོངས། སྲིད་འཛིན་ཁེ་ཎི་ཌི་སྟངས་དཔྱལ་གཉིས་ཊེཀ་སེ་སི་མངའ་སྡེའི་ཌ་ལ་སི་གྲོང་ཁྱེར་དུ་རླངས་འཁོད་ནང་དུ་ཕེབས་བཞིན་པའི་སྐབས་སུ་ལི་ཧར་ཝི་ཨོ་སི་ཝལ་ཌི་ཞེས་པ་ཞིག་གིས་མེ་མདའ་བརྒྱབ་ཅིང་། སྲིད་འཛིན་ཁེ་ཎི་ཌི་འཕྲལ་དུ་པར་ཀ་ལན་ཌི་རྗེས་དྲན་སྨན་ཁང་དུ་ཁྱེར་ཡང་སྐྱོབ་མ་ཐུབ་པར་གྲོངས། སྲིད་འཛིན་གཞོན་པ་ཇཱོན་སན་ནས་སྲིད་འཛིན་གྱི་གནམ་གྲུའི་ནང་དུ་ལས་ཁུར་དམ་བཅའ་བཞག སྲིད་འཛིན་ཁེ་ཎི་ཌི་བཀྲོངས་ནས་ཆུ་ཚོད་འགའ་ཞིག་གི་རྗེས་སུ་ཉེན་རྟོག་པ་ཚོས་མེ་མདའ་རྒྱག་མཁན་དེ་འཛིན་བཟུང་ཐུབ། ཉི་མ་གཉིས་ཀྱི་རྗེས་སུ་ཨོ་སི་ཝལ་ཌི་བཙོན་ཁང་དུ་ཁྲིད་པའི་ལམ་དུ་ཇཱེཀ་རུ་བྷི་ཞེས་པ་ཞིག་མདུན་དུ་བརྒྱུགས་ནས་ཨོ་སི་ཝལ་ཌི་ལ་མེ་མདའ་བརྒྱབ་ནས་བསད། སྲིད་འཛིན་ཁེ་ཎི་ཌི་བཀྲོངས་པ་དེར་སུ་སུ་འབྲེལ་བ་ཡོད་མེད་ནི་ཐག་མ་ཆོད་པར་མུ་མཐུད་དུ་གླེང་སློང་འབྱུང་།།

༡༩༦༨་ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ཎི་ཌིས་ཁོང་ལ་མངའ་སྡེ་དེའི་སྔོན་འགྲོའི་འོས་བསྡུའི་ནང་དུ་རྒྱལ་ཁ་ཐོབ་པའི་གཏམ་བཤད་བྱས་མ་ཐག་ཏུ་སར་ཧན་སར་ཧན་ཞེས་པའི་པ་ལི་སི་ཐན་བ་ཞིག་གིས་མེ་མདའ་བརྒྱབ་ནས་བཀྲོངས།

༡༩༦༨་ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ཎི་ཌིས་ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་ལོ་སི་ཨན་ཇཱི་ལི་གྲོང་ཁྱེར་དུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ། ཁོང་ལ་མངའ་སྡེ་དེའི་སྔོན་འགྲོའི་འོས་བསྡུའི་ནང་དུ་རྒྱལ་ཁ་ཐོབ་པའི་གཏམ་བཤད་བྱས་མ་ཐག་ཏུ་སར་ཧན་སར་ཧན་ཞེས་པའི་པ་ལི་སི་ཐན་བ་ཞིག་གིས་མེ་མདའ་བརྒྱབ་ནས་བཀྲོངས། རོ་བྷར་ཊི་ཁེ་ཎི་ཌི་ནི་ལོ་ལྔའི་གོང་དུ་བཀྲོངས་པའི་སྲིད་འཛིན་ཁེ་ཎི་ཌིའི་གཅུང་པོ་དང་ནེའུ་ཡོཀ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་ཞིང་། ཁོང་གི་མཉམ་དུ་མི་གཞན་པ་༥་ལ་རྨས་སྐྱོན་ཕོག ཐོག་མར་སར་ཧན་སར་ཧན་ལ་སྲོག་ཁྲིམས་བཅད་ཀྱང་ཕྱིས་སུ་ཚེ་བཙོན་དུ་བསྒྱུར། ཁོ་པ་བཙོན་ཁང་དུ་ཡོད་པ་དང་སྔ་ལོ་གློད་གྲོལ་གཏོང་དགོས་པའི་སྙན་ཞུ་ཕུལ་ཡང་བཙོན་བཀྲོལ་མ་ཐོབ། ལོ་ཤས་གོང་དུ་སར་ཧན་སར་ཧན་གྱིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ཎི་ཌི་བསད་པར་བློ་འགྱོད་ཆེན་པོ་ཡོད་ཅེས་བཤགས་པ་ཕུལ།།

༡༩༨༡་ལོའི་ཕྱི་ཟླ་༣་པའི་ཚེས་༣༠་ཉིན་ཨ་རིའི་སྲིད་འཛིན་༤༠་པ་རོ་ནལ་རེ་གྷན་གྱིས་ཝ་ཤིང་ཊོན་ཧིལ་ཊོན་མགྲོན་ཁང་དུ་གཏམ་བཤད་བྱས་ནས་རླངས་འཁོར་ཡོད་སར་ལོག་ཕེབས་པའི་སྐབས་སུ་ཇཱོན་ཧིན་ཀ་ལེ་ཆུང་བས་མེ་མདའ་བརྒྱབ་ནས་སྲིད་འཛིན་རྨས།

༡༩༨༡་ལོའི་ཕྱི་ཟླ་༣་པའི་ཚེས་༣༠་ཉིན་ཨ་རིའི་སྲིད་འཛིན་༤༠་པ་རོ་ནལ་རེ་གྷན་་གྱིས་ཝ་ཤིང་ཊོན་ཧིལ་ཊོན་མགྲོན་ཁང་དུ་གཏམ་བཤད་བྱས་ནས་རླངས་འཁོར་ཡོད་སར་ལོག་ཕེབས་པའི་སྐབས་སུ་ཇཱོན་ཧིན་ཀ་ལེ་ཆུང་བས་མེ་མདའ་བརྒྱབ་ནས་སྲིད་འཛིན་རྨས། མེ་མདའ་རྒྱག་མཁན་དེས་ཧོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་མཁན་ཇཱོ་ཌི་ཧྥོ་སི་ཊར་གྱིས་འཁྲབ་པའི་གླ་འཁོར་ཁ་ལོ་བ་ཞེས་པའི་གློག་བརྙན་ལ་བལྟས། ཁོ་པ་སྣང་བ་འཁྲུལ་ཏེ་ཇཱོ་ཌི་ཧྥོ་སི་ཊར་ལ་སེམས་པ་ཤོར། ཁོ་པར་གློག་བརྙན་འཁྲབ་མཁན་དེའི་དོ་སྣང་འབྱུང་ཐབས་སུ་སྲིད་འཛིན་མེ་མདའ་བརྒྱབ་ཡིན་ཞེས་ཁས་བླངས་པའི་གནས་ཚུལ་ཐོན། སྲིད་འཛིན་རེ་གྷན་འཕྲལ་དུ་འཇོར་ཇཱི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་སྨན་ཁང་དུ་ཁྱེར་ནས་རྨ་ལས་བྱས་པ་དང་བཟི་སྨན་མ་བརྒྱབ་གོང་དུ་སྨན་པར་ཁྱེད་རང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་རེ་བ་ཡོད་ཅེས་ཞལ་ཤོབ་གནང་བའི་གསར་འགྱུར་ཐོན།།

ཨ་རིའི་སྲིད་འཛིན་༣༢་པ་རུ་སི་ཝལ་ཊི་འདེམས་ཐོན་བྱུང་བའི་རྗེས་སུ་ཧྥུ་ལོ་རི་ཌ་མངའ་སྡེའི་མ་ཡ་མཱི་གྲོང་ཁྱེར་དུ་ཀླད་ཁེབས་བཤུས་པའི་རླངས་འཁོར་ནང་དུ་ཕེབས་པའི་དུས་སུ་མི་ཞིག་གིས་མེ་མདའ་བརྒྱབ་སྟེ་རུ་སུ་ཝེལ་ཊི་ལ་ཉེས་སྐྱོན་མ་བྱུང་ཡང་ཆི་ཁ་གྷོ་གྲོང་ཁྱེར་གྱི་སྤྱི་ཁྱབ་བསད།

ཨ་རིའི་སྲིད་འཛིན་༣༢་པ་རུ་སི་ཝལ་ཊི་འདེམས་ཐོན་བྱུང་བའི་རྗེས་སུ་ཧྥུ་ལོ་རི་ཌ་མངའ་སྡེའི་མ་ཡ་མཱི་གྲོང་ཁྱེར་དུ་ཀླད་ཁེབས་བཤུས་པའི་རླངས་འཁོར་ནང་དུ་ཕེབས་པའི་དུས་སུ་མི་ཞིག་གིས་མེ་མདའ་བརྒྱབ་སྟེ་རུ་སུ་ཝེལ་ཊི་ལ་ཉེས་སྐྱོན་མ་བྱུང་ཡང་ཆི་ཁ་གྷོ་གྲོང་ཁྱེར་གྱི་སྤྱི་ཁྱབ་བསད། ༡༩༥༠་ལོའི་ཕྱི་ཟླ་༡༡་པའི་ནང་དུ་ཨ་རིའི་སྲིད་འཛིན་༣༣་པ་ཧེ་རི་ཊུ་རུ་མན་ཕོ་བྲང་དཀར་པའི་ཁ་སྤྲོད་ཀྱི་བྷུ་ལེ་ཁང་དུ་བསྡད་ཡོད་པའི་དུས་སུ་མེ་མདའ་ཐོགས་པའི་མི་ཁག་ཅིག་བྷུ་ལེར་ཁང་དུ་བསླེབས། སྲིད་འཛིན་ཊི་རུ་མན་ལ་ཉེས་སྐྱོན་མ་བྱུང་ཡང་ཕོ་བྲང་དཀར་པོའི་ཉེན་རྟོག་པ་ཞིག་དང་མེ་མདའ་ཐོགས་མཁན་གྲས་ཀྱི་མི་ཞིག་བཅས་མི་གཉིས་བསད། ༡༩༧༥་ལོར་སྲིད་འཛིན་༣༨་པ་ཇཱེ་རོལ་ཧྥོར་ཌི་གསོད་ཐབས་བྱས་ཀྱང་ལམ་ལྷོངས་མ་བྱུང་། ༢༠༠༥་ལོར་སྲིད་འཛིན་༤༣་པ་འཇོར་ཇཱི་ཊབ་ལུ་བྷུ་ཤཱི་དང་འཇོར་ཇཱི་ཡའི་སྲིད་འཛིན་གཉིས་རྒྱལ་ས་ཊིབ་ལི་སིར་ཡོད་པའི་དུས་སུ་རྒྱང་ཁད་ཧྥི་ཁྲུ་༡༠༠་ཡས་མས་ཤིག་གི་མཚམས་སུ་འབར་མདེལ་བཀད་ཀྱང་སྲིད་འཛིན་བྷུ་ཤཱིར་ཉེ་ཞོ་མ་བྱུང་། ༡༩༡༢་ལོར་སྲིད་འཛིན་ཟུར་པ་དང་སྲིད་འཛིན་འོས་མི་ཐིའོ་དྷོར་རུ་སི་ཝེལ་ཊིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་མཱིལ་ཝ་ཀི་གྲོང་ཁྱེར་དུ་མི་ཞིག་གིས་མེ་མདའ་བརྒྱབ་ཀྱང་སྲོག་སྐྱོན་བྱུང་མེད་པའི་གནས་ཚུལ་ཐོན་འདུག