ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

སྲིད་འཛིན་ཟུར་པ་ཀྲམ་བཀྲོངས་ཐབས་བྱས་པར་རྒྱལ་སྤྱིའི་དབུ་འཁྲིད་ཚོས་སྐྱོན་བརྗོད་གནང་།


ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་རེས་གཟའ་སྤེན་པའི་ཕྱི་དྲོ་ཨ་རིའི་ཤར་མངའ་སྡེ་པེན་སིལ་ཝི་ནི་ཡའི་གྲོང་ཁྱེར་བྷཊ་ལར་ནང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གནང་བའི་སྐབས་བཀྲོངས་ཐབས་བྱས་དེར་ཡུ་རོབ་དང་། ཨེ་ཤ་ཡ། ལྷོ་ཕྱོཌ་ཨ་མི་རི་ཀ་སོགས་རྒྱལ་སྤྱིའི་དབུ་འཁྲིད་ཚོས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་དབུ་འཁྲིད་ལྕམ་ཨུར་སུ་ལ་ ལེ་ལན་གྱིས་
ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་དབུ་འཁྲིད་ལྕམ་ཨུར་སུ་ལ་ ལེ་ལན་གྱིས་

ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་ཀྱི་དབུ་འཁྲིད་ལྕམ་ཨུར་སུ་ལ་ ལེ་ལན་གྱིས་གནས་ཚུལ་དེས་ངོས་རང་ཧ་ལས་ཧོན་ཐོར་སོང་། མང་གཙོའི་ནང་ཆབ་སྲིད་ཀྱི་དྲག་སྤྱོད་བྱེད་མཁན་ལ་གོ་ཡུལ་མེད་ཅེས་གསུངས་འདུག

དབྱིན་ཇིའི་སྲིད་བློན་གསར་པ་སྐུ་ཞབས་སྐྲར་མར་
དབྱིན་ཇིའི་སྲིད་བློན་གསར་པ་སྐུ་ཞབས་སྐྲར་མར་

དབྱིན་ཇིའི་སྲིད་བློན་གསར་པ་སྐུ་ཞབས་སྐྲར་མར་གྱིས་དྲ་ལམ་གྱི་འཕྲིན་ལམ་ཐོག་སྐུ་ཞབས་ཀྲམ་བཀྲོངས་ཐབས་བྱས་པའི་གནས་ཚུལ་ཐོས་མ་ཐག་ཁོང་ལ་ཐུགས་ཚབས་ཆེན་པོ་བྱུང་བ་དང་། སྐུ་ཞབས་ཀྲམ་མྱུར་དུ་སྐུ་ཁམས་དང་བསྐྱེད་ཡོང་བའི་ཁོང་གིས་སྨོན་ལམ་ཡོད་ཅེས་གསུངས་འདུག

ཇར་མ་ནིའི་སྲིད་བློན་ཨོ་ལཱཕ་ཤོལ་
ཇར་མ་ནིའི་སྲིད་བློན་ཨོ་ལཱཕ་ཤོལ་

ཇར་མ་ནིའི་སྲིད་བློན་ཨོ་ལཱཕ་ཤོལ་གྱིས་སྐུ་ཞབས་ཀྲམ་བཀྲོངས་ཐབས་བྱས་པ་དེ་ནི་ཆེས་དམའ་འབེབ་བྱེད་འོས་པའི་གནས་ཚུལ་ཞིག་རེད། དེ་ལྟ་བུའི་དྲག་སྤྱོད་ཀྱི་བྱ་ཐབས་ནི་མང་གཙོའི་ལམ་ལུགས་ལ་ཉེན་ཁ་བཟོ་གཞིའི་གནས་ཤིག་རེད་ཅེས་གསུངས་ཏེ་སྐྱོན་བརྗོད་གནང་འདུག

ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནི་ཡེལ མར་ཀོན་
ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནི་ཡེལ མར་ཀོན་

ཧྥ་རན་སིའི་སྲིད་འཛིན་ཨེམ་མ་ནི་ཡེལ མར་ཀོན་གྱིས་སྐུ་ཞབས་ཀྲམ་བཀྲོངས་ཐབས་བྱས་པ་དེ་ནི་མང་གཙོའི་ལམ་ལུགས་ཀྱི་ཆག་སྒོ་ཞིག་ཡིན་པ་དང་། ཧྥི་རན་སིའི་མི་མང་ཚོས་ཨ་རིའི་མི་མང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་
ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་

འོན་ཀྱང་ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིས་ཡུ་ཀེ་རེན་ལ་རོགས་རམ་གྱི་ཚུལ་དུ་སྤྲད་པའི་མ་དངུལ་དེ་ཚོ་སོ་སོའི་ཉེན་རྟོག་སྐོར་སྲུང་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐོག་བེད་སྤྱོད་བྱས་ཏེ་དྲག་སྤྱོད་ཀྱི་བྱ་ཐབས་འགོག་ཐབས་བྱེད་དགོས་རེད་ཅེས་བཤད་འདུག

ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེནྶ་ཀིས་
ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེནྶ་ཀིས་

ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེནྶ་ཀིས་སྲིད་འཛིན་ཟུར་པ་ཀྲམ་བཀྲོངས་ཐབས་བྱས་པའི་གནས་ཚུལ་ཐོས་པར་ངོས་རང་ཧ་ལས་བྱུང་། སྐུ་ཞབས་ཀྲམ་རྨས་སྐྱོན་གྱི་སྨྱུན་གཞི་དེ་ལས་དྲག་བསྐྱེད་མྱུར་པོ་ཡོང་བའི་རེ་འདུན་ཞུ་ཡི་ཡོད་ཅེས་གསུངས་འདུག

ཡི་ཤུའི་བླ་ཆེན་པོབ་ཧྥི་རན་སིས་ཁོ་མཆོག
ཡི་ཤུའི་བླ་ཆེན་པོབ་ཧྥི་རན་སིས་ཁོ་མཆོག

ཡི་ཤུའི་བླ་ཆེན་པོབ་ཧྥི་རན་སིས་ཁོ་མཆོག་གིས་ཨ་རིའི་ནང་རེས་གཟའ་སྤེན་པའི་ཉིན་བྱུང་བའི་གནས་ཚུལ་དེས་ཁོང་ལ་ཐུགས་ཚབས་ཆེན་པོ་བྱུང་བ་དང་། དྲག་སྤྱོད་ཀྱི་ལས་འགུལ་ནི་མི་མང་དང་མང་གཙོར་གནོད་སྐྱོན་བཟོ་གཞི་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག

ཨར་ཇེན་ཊི་ནའི་སྲིད་འཛིན
ཨར་ཇེན་ཊི་ནའི་སྲིད་འཛིན

ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཨར་ཇེན་ཊི་ནའི་སྲིད་འཛིན་གྱིས་སྐུ་ཞབས་ཀྲམ་བཀྲོངས་ཐབས་བྱས་པ་དེ་ནི་ཆབ་སྲིད་ཀྱི་ཀུན་སློང་གིས་བྱས་པ་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

བྲཱ་ཛཱིལ་གྱི་སྲིད་འཛིན་
བྲཱ་ཛཱིལ་གྱི་སྲིད་འཛིན་

ཡང་བྲཱ་ཛཱིལ་གྱི་སྲིད་འཛིན་གྱིས་སྐུ་ཞབས་ཀྲམ་བཀྲོངས་ཐབས་བྱས་པའི་ལས་འགུལ་དེར་མང་གཙོ་སྲུང་སྐྱོབ་བྱེད་མཁན་དང་། དཀའ་རྙོག་ཚང་མ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས་ཤུགས་དྲག་ཆེན་པོས་སྐྱོན་བརྗོད་བྱེད་དགོས་པ་རེད་ཅེས་གསུངས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཀྲམ་ལ་སྙིང་རྗེ་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་བཤད་འདུག ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་སྐུ་ཞབས་ཀྲམ་བཀྲོངས་ཐབས་བྱས་པའི་གནས་ཚུལ་དེ་རྒྱ་ནག་བློ་ཚབས་ཡོང་གཞིར་གྱུར་བ་དང་། གནས་ཚུལ་དེར་བསྐྱར་ཞིབ་བྱེད་མུས་ཡིན་ཅེས་བཤད་འདུག

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷིས་ཨེཀྶ་
རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷིས་ཨེཀྶ་

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷིས་ཨེཀྶ་ཞེས་དྲ་ལམ་ཐོག་ངའི་གྲོགས་པོ་ཀྲམ་ལ་རྒོལ་རྡུང་བཏང་བར་ངོས་རང་བློ་ཚབས་ཆེན་པོ་བྱུང་། ཆབ་སྲིད་དང་མང་གཙོའི་ལམ་ལུགས་ནང་དྲག་སྤྱོད་ཀྱིས་ཐག་གཅོད་བྱེད་པའི་གོ་གནས་མེདཅེས་གསུངས་འདུག

ཉི་ཧོང་གི་སྲིད་བློན་
ཉི་ཧོང་གི་སྲིད་བློན་

ཉི་ཧོང་གི་སྲིད་བློན་གྱིས་ཀྱང་མང་གཙོའི་ལམ་ལུགས་ལ་དྲག་སྤྱོད་ཀྱི་ལས་འགུལ་ཇི་འདྲ་ཞིག་བྱས་རུང་དེར་ང་ཚོས་གདོང་ལེན་བྱེད་དགོས་རེད་ཅེས་གསུངས་འདུག

ཐེ་ཝན་གྱི་སྲིད་འཛིན་
ཐེ་ཝན་གྱི་སྲིད་འཛིན་

ཐེ་ཝན་གྱི་སྲིད་འཛིན་གྱིས་སྲིད་འཛིན་ཟུར་པ་ཀྲམ་ཐེ་བས་རྒོལ་རྡུང་ཕོགས་མཁན་མི་ཚང་མར་ཐུགས་གསོ་ཡོད། མང་གཙོའི་ལམ་ལུགས་ནང་དྲག་སྤྱོད་ཀྱི་ལས་འགུལ་རིགས་ཇི་འདྲ་ཞིག་ཡིན་རུང་ངོས་ལེན་བྱེད་ཐབས་མེད་ཅེས་གསུངས་འདུག

ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་འུ་
ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་འུ་

ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་འུ་ཡིས་སྲིད་འཛིན་ཟུར་པ་དཀྲོངས་ཐབས་བྱས་པའི་གནས་ཚུལ་དེས་ངོས་དང་ངའི་བཟའ་ཟླ་སེ་ར་གཉིས་ཧང་སང་ཧོན་ཐོར་སོང་། ངོས་རང་ཐེ་བས་ཨིས་རལ་གྱི་མི་མང་ཚང་མས་སྐུ་ཞབས་ཀྲམ་སྐུ་ཁམས་དྲག་བསྐྱེད་མྱུར་པོ་ཡོང་བའི་སྨོན་ལམ་ཡོད་ཅེས་གསུངས་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་དང་ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG