ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

སྲིད་འཛིན་ཟུར་པ་ཊམ་ལ་མེ་མདའ་ཕོག་ཀྱང་སྲོག་ཉེན་མ་བྱུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཟུར་པ་ཁྲོམ་ནས་འོས་བསྡུའི་དྲིལ་བསྒྲགས་ཀྱི་བྱེད་སྒོའི་སྐབས་མེ་མདའ་ཕོག་ཡོད་རུང་སྲོག་ལ་ཉེན་ཁ་མེད་པ།

༄༅།། ཕྱི་ཟླ་༧་པའི་ཚེས་༡༣་ཉིན་གྱི་ཕྱི་དྲོར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཨ་རིའི་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་ས་གནས་ཤིག་ཏུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་མི་ཚོགས་ཁྲོད་དུ་མེ་མདའི་སྒྲ་སྐད་གྲགས་པ་དང་སྐུ་སྲུང་བ་ཚོས་འཕྲལ་དུ་ཌོ་ནལ་ཊམ་སྡིངས་ཆའི་སྟེང་ནས་ཁྲིད་ཡོད་ཅིང་། དེ་ནས་ཚོགས་རྭ་ནས་ལམ་སེང་ཁ་བྲལ་ཡོད་པ་དང་ཁོང་གི་རྣ་ཅོག་ལ་མདེའུ་ཕོག་སྟེ་ཁྲག་ཐོན་གྱི་ཡོད་ཀྱང་སྲོག་ཉེན་མེད་པ་དང་འགྲམ་སྟེང་དུ་ཁྲག་གི་ཤུལ་མཐོང་རྒྱུ་ཡོད་འདུག

སྲིད་འཛིན་བྷ་ཌན་གྱིས་གསར་འགོད་ལྷན་ཚོགས་བསྐོངས་ནས་ངས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཁ་པར་བཏང་སྟེ་བཀའ་མོལ་ཞུ་ཐབས་བྱས་ཀྱང་ཁ་པར་འཕྲོད་མ་སོང་། ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་དྲག་སྤྱོད་སྤེལ་བ་ནི་ཆེས་ཐབས་རྡུགས་ཅིག་རེད། ང་ཚོ་ཚང་མས་དྲག་སྤྱོད་ལ་ཁ་རྡུང་དྲག་པོ་གཏོང་དགོས། ངས་སྲིད་གཞུང་གི་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ནས་ཞིབ་ཕྲའི་གནས་ཚུལ་རྩད་གཅོད་བྱེད་ཀྱི་ཡོད། ངས་ཌོ་ནལ་ཊམ་ལ་ཁ་པར་འཕྲོད་པ་དང་གནས་ཚུལ་གསར་པ་ཡོད་ན་གསར་འགོད་གསལ་བསྒྲགས་སྤེལ་ཆོག་ཅེས་བསྒྲགས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇཱོན་སན་གྱིས་ཀྱང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་མེ་མདའ་བརྒྱབ་ནས་དྲག་སྤྱོད་སྤེལ་བར་ཁ་རྡུང་དྲག་པོ་བཏང་འདུག

ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་མེ་མདའ་རྒྱག་མཁན་ཡིན་པའི་དོགས་གཞི་ཅན་གྱི་མི་དེས་ཁང་པ་ཞིག་གི་ཀླད་ཐོག་ནས་མེ་མདའ་བརྒྱབ་འདུག་ཅེས་གསར་འགྱུར་ཐོན་འདུག ཉེ་འཁྲིས་ཀྱི་མི་ཞིག་གིས་མེ་མདའ་རྒྱག་མཁན་དེར་མེ་མདའ་བརྒྱབ་ནས་བསད་པར་མ་ཟད། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་ཞུགས་པའི་མི་ཞིག་ལ་མདེའུ་ཕོག་ནས་སྲོག་སྐྱོན་ཕོག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཉེན་ཁ་མི་འདུག་ཟེར། ཨ་རིའི་གཞུང་གིས་སྲིད་འཛིན་ཟུར་པ་ཊམ་ལ་མེ་མདའ་ཕོག་པ་འདི་ལྐོག་གསོད་བྱ་ཐབས་ཀྱི་ཉེས་དོན་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ང་སྐྱོབ་མཁན་གྱི་སྐུ་སྲུང་བ་ཚོར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ངའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་བསླེབས་མི་ཞིག་ལ་མདེའུ་ཕོག་ནས་སྲོག་སྐྱོན་ཕོག་པ་དེའི་བཟའ་མི་ཚོར་སེམས་གསོ་བྱེད་ཀྱི་ཡོད། ངའི་རྣ་ཅོག་གཡས་པའི་རྩེ་ལ་མདེའུ་ཕོག་ནས་རྨས་བཟོས་ཀྱང་ང་ལ་སྐྱོན་མི་འདུག་ཅེས་གསར་འགོད་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ་འདུག ཨ་རིའི་གསང་བའི་མི་སྣ་ཚོས་མེ་མདའ་རྒྱག་མཁན་དེས་འདོམ་ཚད་༢༠༠་ནས་༣༠༠་ཡས་མས་ཤིག་གི་རྒྱང་ནས་རིང་མདའ་ཞིག་བརྒྱབ་སྟེ་མདེའུ་བརྒྱད་འཕངས་འདུག མི་ཚོགས་ཁྲོད་ཀྱི་མི་༢་གཉིས་ལ་རྨས་སྐྱོན་ཕོག་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

གླེང་སྟེགས།

XS
SM
MD
LG