རེས་གཟའ་སྤེན་པའི་ཕྱི་དྲོ་གྲོང་ཁྱེར་བྷཊ་ལར་ནང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་གཏམ་བཤད་བྱེད་བཞིན་པའི་སྐབས་སྲིད་འཛིན་ཟུར་པ་ཀྲམ་བཀྲོངས་ཐབས་བྱེད་མཁན་མི་དེའི་ཀུན་སློང་ཇི་ཡིན་ད་ལྟའང་ཤེས་རྟོགས་ཐུབ་ཀྱི་མེད།
ཨ་རིའི་དབུས་ཞིབ་དཔྱོད་ཁང་གི་མི་སྣ་ཚོས་སྲིད་འཛིན་ཟུར་པ་ཀྲམ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བཞིན་པའི་སྐབས་རང་ལོ་༢༠ཡིན་པའི་ན་གཞོན་ཞིག་གིས་ཉེ་འགྲམ་ཁང་པ་ཞིག་གི་ཐོག་ནས་མེ་མདའ་བརྒྱབས་པའི་ནང་མི་གཅིག་བསད་པ་དང་། སྲིད་འཛིན་ཟུར་པ་ཀྲམ་དང་གཞན་པ་གཉིས་ལ་རྨས་སྐྱོན་བཟོས་ཡོད་ཅིང་། ཁང་པ་དེ་དང་དེའི་ཉེ་འཁོར་གྱི་ས་གནས་སུ་ཞིབ་འཇུག་འགོ་འཛུགས་བྱས་ཟིན་འདུག
ཨ་རིའི་སྲིད་འཛིན་ཇོ་བྷཡེ་ཌེན་གྱིས་རེས་གཟའ་ཉི་མའི་ཕྱི་དྲོ་ཕོ་བྲང་དཀར་པོ་ནས་རྒྱལ་ཡོངས་ལ་གསུང་བཤད་གནང་བའི་ནང་སྲིད་འཛིན་ཟུར་པ་ཀྲམ་ལ་མེ་མདའ་རྒྱག་མཁན་དེའི་ཀུན་སློང་ཇི་ཡིན་ད་ལྟ་གསལ་པོ་མེད་ཅེས་གསུངས། སྲིད་འཛིན་བྷའི་ཌན་གྱིས་ཨ་རིའི་ནང་དེ་ལྟ་བུའི་དྲག་སྤྱོད་ཀྱི་ལས་འགུལ་བྱེད་ཆོག་གི་མེད། སྲིད་འཛིན་ཟུར་པ་ཀྲམ་བཀྲོངས་ཐབས་ཀྱི་བྱ་ཐབས་དེ་ནི་ཨ་རིའི་ངོ་བོ་ལས་ལྡོག་པའི་བྱ་ཐབས་ཤིག་རེད། ཨ་རིའི་གསང་བའི་ལས་ཁང་ལ་མགྱོགས་མྱུར་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱེད་དགོས་པའི་བཀོད་མངགས་གནང་ཡོད་ཅེས་གསུངས་འདུག
རེས་གཟའ་ཉི་མའི་ཕྱི་དྲོ་ཨ་རིའི་དཔོན་རིགས་ཚོས་གསུངས་དོན། མེ་མདའ་རྒྱག་མཁན་མི་དེའི་བྱ་སྤྱོད་དེ་སྲིད་འཛིན་ཟུར་པ་བཀྲོངས་རྒྱུའི་བྱ་ཐབས་དང་། འཇིགས་བསྐུལ་གྱི་ལས་འགུལ་གཉིས་ཀ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་རུང་། མེ་མདའ་རྒྱག་མཁན་ན་གཞོན་མེ་ཐིའུ་ཡིས་ཉེ་དུས་དྲ་ལམ་ལ་བཏང་བའི་ཡི་གེ་དང་། ཁ་པར་བཏང་བ་སོགས་བརྒྱུད་ནས་ན་གཞོན་དེས་གང་གི་ཕྱིར་ཀྲམ་བཀྲོངས་ཐབས་བྱས་པའི་ཀུན་སློང་ཇི་ཡིནསྐོར་ད་བར་གནས་ཚུལ་གསར་པ་གང་ཡང་ཤེས་རྟོགས་ཐུབ་མེད་ཅེས་གསུངས་འདུག
ཨ་རིའི་དབུས་ཞིབ་དཔྱོད་ཁང་གི་དམིགས་བསལ་ཞིབ་དཔྱོད་པ་ཀེ་ཝིན་རོ་ཇེག་གིས་རེས་གཟའ་ཉི་མའི་ཉིན་ཁ་པར་བརྒྱུད་གསར་འགོད་པར་གསལ་བཤད་གནང་བའི་ནང་དབུས་ཞིབ་དཔྱོད་ཁང་གི་དམིགས་ཡུལ་ལྟེ་བ་དེ་མེ་མདའ་རྒྱག་མཁན་དེའི་ཀུན་སློང་ཇི་ཡིན་དང་། ངན་པ་ལག་སྦྲེལ་བྱེད་མཁན་བྱུང་ཡོད་མེད་བརྩད་གཅོད་བྱེད་རྒྱུ་དེ་ཡིན་ཅེས་གསུངས་འདུག
ཞིབ་དཔྱོད་པ་རོ་ཇེག་གིས་ད་ལྟའི་ཆར་མི་གཅིག་རྐྱང་པས་ངན་བྱུས་དེ་ལག་བསྟར་བྱས་ཡོད་པ་མཐོང་གི་ཡོད་པ་དང་། དེར་ལྟ་སྤྱོད་ངན་པ་གང་ལའང་འབྲེལ་བ་ཡོད་པ་མཐོང་མ་བྱུང་། འོན་ཀྱང་ཚང་མར་ཞུ་རྒྱུར་ཞིབ་དཔྱོད་ཀྱི་ལས་དོན་འགོ་འཛུགས་ཀྱི་སྐབས་ཡིན་པ་དེ་ཚང་མས་གོ་རྟོགས་ཐུབ་པ་གནང་རོགས་ཞེས་གསུངས་འདུག
ཨ་རིའི་སྲིད་འཛིན་ཟུར་པར་སྲུང་བྱའི་ལས་དོན་གཉེར་མཁན་གསང་བའི་སྐུ་སྲུང་ཚོས་མེ་མདའ་རྒྱག་མཁན་ན་གཞོན་དེ་ས་གནས་དེ་གར་དེ་མ་ཐག་མེ་མདའ་བརྒྱབས་ནས་རྐྱེན་ལམ་དུ་བཏང་འདུག་ཅིང་། ཞིབ་དཔྱོད་བྱེད་མཁན་མི་སྣ་ཚོས་ཁོང་ཚོར་མེ་མདའ་རྒྱག་མཁན་མི་དེའི་ཀུན་སློང་སོགས་ཀྱི་སྐོར་གནས་ཚུལ་འཕར་མ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག
ཉེན་རྟོག་པ་ཚོར་མེ་མདའ་རྒྱག་མཁན་མི་དེ་ནས་ནུས་ཤུགས་ཆེ་བའི་ཕྱེད་རང་འགུལ་མེ་མདའ་ཨེ་ཨར་ཞེས་པ་གཅིག་དང་། སྣུམ་འཁོར་ནང་ལག་འཁྱེར་ཁ་དཔར་ཞིག་བརྙེད་སོན་བྱུང་ཡོད། ཞིབ་དཔྱོད་པ་ཚོས་ལག་འཁྱེར་ཁ་དཔར་དེར་ཞིབ་དཔྱོད་བྱ་རྒྱུར་ཨ་རིའི་མངའ་སྡེ་ཝིར་ཇི་ནྱིའི་ཀོན་ཏི་ཀོར་ཡོད་པའི་ཞིབ་འཇུག་ཁང་ལ་ཞིབ་འཇུག་ཆེད་བཏང་འདུག ལག་འཁྱེར་ཁ་དཔར་དེ་ནས་བསམ་བློའི་འཁྱེར་བཟོ་ཇི་ཡིན་དང་། མི་སུ་དང་སུ་ལ་འབྲེལ་བ་བྱས་ཡོད་པ་བཅས་ལ་ཞིབ་བརྩད་བྱ་རྒྱུ་དང་། སྣུམ་འཁོར་ནང་ནས་འབར་རྫས་བརྙེད་སོན་བྱུང་ཡོད། ཡང་མི་དེ་སྡོད་གནས་ཁང་པར་འབར་རྫས་ཀྱི་རྒྱུ་ཆ་ཁག་ཅིག་བརྙེད་སོན་བྱུང་ཡོད་པ་དེ་དག་ནས་གལ་ཆེའི་གནས་ཚུལ་འཕར་མ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག
རེས་གཟའ་ཟླ་བ་ནས་ཨ་རིའི་གྲོང་ཁྱེར་མིལ་ཝ་ཀིའི་ནང་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་འགོ་འཛུགས་བྱས་ཡོད་པ་དང་། ཟླ་བ་རྗེས་མར་ཨ་རིའི་གྲོང་ཁྱེར་ཆིཀ་ཁོའི་ནང་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་འཚོགས་ཀྱི་ཡོད་པ་བཅས་ལ་སྲུང་སྐྱོབ་ཀྱི་དམ་དྲག་ཤུགས་ཆེ་རུ་བཏང་སྐོར་གསལ་བསྒྲགས་གནང་འདུག
ཝི་ཨོ་ཨེ་རླུང་འཕྲིན་ཁང་གི་གསར་འགྱུར་ལས་ཁང་ནས་བཏང་བ་ལས་བཏུས།
གསར་འགོད་པ། ཕུན་ཚོགས་ཚེ་རིང་།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།
གླེང་སྟེགས།