ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རྒྱ་ནག་ལ་དམག་དོན་འཐབ་ཇུས་ཁོ་ནས་ཁ་གཏད་གཅོག་མི་ཐུབ་དོན་ཅི་རེད།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་པེ་ཅིང་གི་དམག་དོན་འགྲེམ་སྟོན་བྱེད་བཞིན་པ་མཐོང་རྒྱུ་ཡོད།
རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་པེ་ཅིང་གི་དམག་དོན་འགྲེམ་སྟོན་བྱེད་བཞིན་པ་མཐོང་རྒྱུ་ཡོད།

༄༅།། གཟའ་པ་སངས་ནས་ཨ་རིས་འགོ་ཁྲིད་པའི་རྒྱལ་ཁབ་༣༠་ཐམ་པས་ཞི་བདེ་རྒྱ་མཚོའི་མཐའ་འཁོར་དུ་དམག་སྦྱོང་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༢༨་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་དམག་སྦྱོང་ལ་ཞུགས་ཀྱི་ཡོད་པའི་རྒྱལ་ཁབ་༡༣་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཆགས་ཡོད་པ་དང་རྒྱལ་ཁབ་༡༧་ཡུ་རོབ་དང་ཨ་གླིང་ཁག་གསུམ་ནས་ཡོང་དགོས། ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་མཐུན་གྲོགས་སམ། ཟླ་གྲོགས་རྒྱལ་ཁབ་ཁག་གི་མཉམ་འབྲེལ་དམག་སྦྱོང་དེའི་དགོས་པ་ནི་འཐབ་འཁྲུག་གི་ནུས་པ་ཆེ་རུ་གཏང་རྒྱུ་དང་མཉམ་འབྲེལ་དམ་ཟབ། དམག་སྦྱོང་དེའི་དམིགས་འབེན་རྒྱ་ནག་ཡིན་པ་བརྗོད་ཅི་དགོས། ཨ་རིས་དམག་གི་སྟོབས་ཤུགས་ཁོ་ནར་བརྟེན་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་ཡོད་པ་ནོར་འཁྲུལ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཧིལ་གསར་ཁང་གིས་ཨ་མི་རི་ཀས་རྒྱ་ནག་ལ་དམག་དོན་མ་ཡིན་པའི་འཐབ་ཇུས་གཞན་པ་འཛིན་དགོས། ཨ་མི་རི་ཀས་རྒྱ་ནག་ལ་དམག་གིས་ཁ་གཏད་གཅོག་རྒྱུའི་སྲིད་ཇུས་དེར་གྲུབ་འབྲས་མ་ཐོན་པ་རེད། ཨ་མི་རི་ཀས་ཉི་ཧོང་དང་ཧྥི་ལི་ཕིན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་བྱས་ནས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར་མོད། འོན་ཀྱང་རྒྱ་ནག་གིས་གླིང་ཕྲན་དེ་དག་གི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཨ་མི་རི་ཀས་དམག་དོན་ལས་འགུལ་ཅི་ཙམ་སྤེལ་ན་རྒྱ་ནག་གིས་ཀྱང་དམག་དོན་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག སྲིད་འཛིན་བྷ་ཌན་ནས་རྒྱ་ནག་གིས་ཐེ་ཝན་ལ་རྒོལ་རྡུང་བྱས་ནས་ཨ་མི་རི་ཀས་མཚོ་གླིང་དེར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ལན་མང་བཤད་ཀྱང་རྒྱ་ནག་གིས་བཙན་དྲག་བཀོལ་རྒྱུ་དང་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་བྱ་རྒྱུ་མཚམས་འཇོག་གི་མི་འདུག་ཅེས་བསྟན།།

ཉམས་ཞིབ་པ་ཁུན་མར་ཤིཀ་(Quinn Marschik)་གིས་སྤེལ་བའི་དཔྱད་རྩོམས་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ཨ་མི་རི་ཀས་ཨེ་ཤི་ཡར་དམིགས་ནས་དམག་དོན་གྱི་ཟླ་གྲོགས་གསར་པ་བསྒྲིགས། དམག་སྒར་བཙུགས་ཏེ་དམག་དཔུང་རེས་མོས་སུ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་དང་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་འགན་ལེན། མཐུན་གྲོགས་གསར་སྒྲིག་གི་ཆིངས་ཡིག་བཞག་ནས་དམག་དོན་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་བཀག་བསྐྱིལ་བྱ་རྒྱུའི་དོན་དུ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག ཨ་རི་དང་ཧྥི་ལི་ཕིན་གྱི་འབྲེལ་བ། ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཅི་ཙམ་ཤུགས་ཆེ་རུ་ཕྱིན་ན་རྒྱ་ནག་གིས་དེ་ཙམ་གྱིས་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བྲག་རྡོ་རྣམས་བླངས། ཨ་མི་རི་ཀའི་ཆོད་སེམས་ལ་ཉམས་ཚོད་བླངས་ནས་མངའ་ཁོངས་ཀྱི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་འདུག་ཅེས་བཤད།།

ཧིལ་གསར་ཁང་གིས་༢༠༢༡་ནས་ནུབ་ཆིངས་ཀྱི་ཁ་ཕྱོགས་ཨེ་ཤི་ཡར་བསྒྱུར་ནས་ཉི་ཧོང་གིས་འགོ་ཁྲིད་པའི་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མཐུན་ཚོགས་འཛུགས་རྒྱུ་འགོ་ཚུགས། ནུབ་ཆིངས་ཀྱི་ཁ་གཏད་གསར་པ་ཞིག་འཚོལ་བར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཧྥི་ལི་ཕིན་དང་ཨོ་གླིང་བཅས་ལ་འབྲེལ་བ་ཟབ་ཏུ་བཏང་ཞིང་། རྒྱ་ནག་གཞུང་གིས་ཨ་རིའི་ཉེན་ཁ་ཆེ་རུ་འགྲོ་ཡི་འདུག་ཅེས་མི་དམངས་ལ་དྲིལ་བསྒྲགས་བྱས་ནས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཝི་ཏེ་ནམ་དང་མ་ལེ་ཤི་ཡ་གཉིས་ཀྱིས་ཨ་མི་རི་ཀར་བདེ་འཇགས་སྲུང་སྐྱོབ་ཀྱི་ཆིངས་ཡིག་བཞག་མེད་པས་ཨ་རིས་མཐུན་གྲོགས་བསྒྲིགས་མ་ཚར་གོང་ནས་རྒྱ་ནག་གིས་ཝི་ཏེ་ནམ་དང་མ་ལེ་ཤི་ཡའི་ལག་ནས་གླིང་ཕྲན་དེ་དག་འཕྲོག་ངེས་རེད། དེ་བཞིན་ཐེ་ཝན་ལའང་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་འདུག་བཀྲལ།།

ཕྱི་ཟླ་༧་པའི་ཚེས་༢༨་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་དང་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཀི་ཧ་ར་དང་ཕྱི་སྲིད་བློན་ཆེན་ཀ་མི་ཀ་ཝ་བཅས་བློན་ཆེན་བཞིའི་ཚོགས་འདུའི་ཐོག་ཏུ་ཉི་ཧོང་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་བཀོད་འདོམས་ཁང་ཨ་རི་དང་ཉི་ཧོང་གི་ཐུན་མོང་བཀོད་འདོམས་ཁང་དུ་བསྒྱུར་རྒྱུའི་ཐག་བཅད་པར་མ་ཟད། ཨ་རི་དང་ཉི་ཧོང་གི་ཐུན་མོང་བཀོད་འདོམས་ཁང་དེ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཨ་རིའི་དམག་དཔུང་བཀོད་འདོམས་ཁང་གི་ཁྱབ་ཁོངས་སུ་བསྡུས། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ང་ཚོའི་མནའ་འབྲེལ་གྱི་བཀོད་འདོམས་ཁང་འདི་དེང་རབས་ཅན་གྱི་བཀོད་འདོམས་ཞིག་ཏུ་བསྒྱུར་ཏེ་དུས་ཀྱི་འཕོ་འགྱུར་དང་མཐུན་པའི་དགོས་མཁོ་བསྒྲུབ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་ཐག་གཅོད་བྱས་པར་དགའ་བསུ་ཞུ་འོས། ང་ཚོའི་ལས་འགན་ཆེ་རུ་ཕྱིན་ཡོད་པ་ལྟར་ཨ་མི་རི་ཀས་ཉི་ཧོང་དུ་འགྲེམ་འཇོག་བྱས་ཡོད་པའི་དམག་གི་སྟོབས་ཤུགས་ཀྱང་ཆེ་རུ་བཏང་སྟེ་ལས་འགན་བསྒྲུབ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་བསྒྲགས།།

ཨ་རི་དང་ཉི་ཧོང་གི་ཐུན་མོང་བཀོད་འདོམས་ཁང་དེར་སྐར་མ་གསུམ་ཅན་གྱི་དམག་དཔོན་ཞིག་བསྐོས་ནས་ཉི་ཧོང་གི་རང་སྲུང་དམག་གི་བཀོད་འདོམས་པར་མཉམ་འབྲེལ་བྱ་རྒྱུ། ཉི་ཧོང་གི་ལྷོ་ནུབ་མཐའ་མཚམས་ཀྱི་གླིང་ཕྲན་ཁག་ཏུ་ཕྱོགས་གཉིས་ཀྱི་དམག་དཔུང་འགྲེམ་འཇོག་བྱ་རྒྱུ་མང་དུ་གཏོང་དགོས། ཨ་རི་དང་ཉི་ཧོང་གཉིས་ཀྱི་དྲྭ་ལམ་སྲུང་སྐྱོབ་དང་གསང་བའི་གནས་ཚུལ་སྤྲོད་ལེན། མྱུལ་ཞིབ་དང་སྐོར་གཡེང་། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ཤུགས་ཆེ་རུ་བཏང་སྟེ་དམག་དོན་བཟོ་ལས་ཡར་རྒྱས་གཏང་དགོས། ཨ་རི་དང་ཉི་ཧོང་གི་དམག་ལ་ཡར་ཐོན་གྱི་འཕུར་མདེལ་འབྲིང་གྲས་དང་ཕ་རོལ་པའི་འཕུར་མདེལ་རྣམས་བར་སྣང་དུ་གཏོར་ཐུབ་པའི་འཕུར་མདེལ་བཟོ་རྒྱུ་མང་དུ་གཏང་དགོས་པའི་ཐག་བཅད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་བྱང་ཀོ་རི་ཡས་འཁྲུག་རྩོད་སློང་གི་ཡོད་པ་དང་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་སྤུང་གསོག་བྱེད་ཀྱི་ཡོད་པའི་ཉེན་ཁ། ཨུ་རུ་སུས་ཁྲིམས་འགལ་ཐོག་ཏུ་བྱང་ཀོ་རི་ཡར་དམག་དོན་འཕྲུལ་རིག་ལག་རྩལ་སྤྲད་པ་སོགས་ལ་གྲོས་སྡུར་བྱས་འདུག

ཁུན་མར་ཤིཀ་སོགས་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ལ་དམག་དོན་འཐབ་ཇུས་འབའ་ཞིག་གིས་ཁ་གཏད་གཅོག་རྒྱུ་ཐབས་མཁས་ཤིག་མ་རེད་ཟེར། ཨ་རིའི་གཞུང་གིས་རྒྱ་ནག་ལ་དམག་དོན་འཐབ་ཇུས་ཀྱིས་ཁ་གཏད་གཅོག་རྒྱུ་གཙིགས་སུ་བཟུང་། ཕྱི་ཟླ་༧་པའི་ཚེས་༢༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མཇུག་དེར་ལའོ་སི་ལ་ཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུའི་ཞོར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཐུག་འཕྲད་གྲོས་མོལ་བྱུང་། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ནས་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་བྱེད་ཀྱི་ཡོད་པ་དང་ཧྥི་ལི་ཕིན་ལ་འཁྲུག་རྩོད་བསླངས། ཨུ་རུ་སུའི་དམག་དོན་ལ་བཀོལ་སྤྱོད་བྱེད་ཆོག་པའི་དངོས་ཟོག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ནན་གྱིས་བསྐུལ། རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་པས་དེ་ལ་ཕྱི་ལོགས་ནས་ཐེ་ཇུས་བྱེད་མི་ཆོག་ཅེས་ལན་གླན།།

ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་གཉིས་ཀས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡག་ཏུ་འགྲོ་དགོས་ཚེ། རྒྱ་ནག་གིས་ངེས་པར་དུ་ཨུ་རུ་སུར་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དང་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་སྤྱིའི་ལམ་སྲོལ་གོང་བཀུར་བྱ་དགོས། རྒྱ་ནག་གིས་ཨུ་རུ་སུའི་དམག་དོན་བཟོ་ལས་ལ་རྒྱབ་སྐྱོར་བྱས་ན་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྔར་ལས་སྡུག་ཏུ་འགྲོ་ངེས་རེད་ཅེས་ཉེན་བརྡ་བཏང་འདུག རྒྱ་ནག་གིས་བཟོ་ཚོང་ལས་ཁུངས་ཁག་ཅིག་གིས་ཨུ་རུ་སུའི་དམག་དོན་ལ་མཁོ་བའི་ཉིང་ཆས་བཙོངས། ཨ་མི་རི་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་དེ་དག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཀྱང་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་ཁས་ལེན་མ་ཐོབ། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཝང་དབྱི་ལ་བོད་དང་ཐེ་ཝན། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་རྣམས་གླེང་སློང་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG