ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་པིང་གི་དཔལ་འབྱོར་འཆར་སྣང་ལ་རྒྱབ་གཉེར་བྱས།


རྒྱ་ནག་གི་སྲིད་དོན་ལྷན་ཁང་གི་རྒྱུན་ལས་འཐུས་མི།
རྒྱ་ནག་གི་སྲིད་དོན་ལྷན་ཁང་གི་རྒྱུན་ལས་འཐུས་མི།

རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་དེ་བཞིན་རེས་གཟའ་ཕུར་བུའི་ཉིན་མཇུག་བསྒྲིལ་བྱས་འདུག་ཅིང་། ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུར་ཞུགས་པའི་འཐུས་མི་ཚོས་ཞི་ཅིན་ཕིང་གི་འཆར་སྣང་ལྟར་རྒྱལ་ཡོངས་བདེ་འཇགས་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་གནད་དོན་དང་། རྒྱལ་ནང་དུ་འཕྲུལ་རིག་ལག་རྩལ་ཡར་རྒྱས་གོང་འཕེལ་གཏང་ནས་དཔལ་འབྱོར་སླར་གསོ་བྱ་རྒྱུ་བཅས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཡོད་སྐོར་ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཉིན་བཞི་རིང་གི་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་མཇུག་བསྒྲིལ་བའི་ཉིན་གསལ་ཁ་སོགས་གང་ཡང་མེད་པར་སྤྱིར་བཏང་གི་གནས་ཚུལ་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་ཅིང་་། ཞིབ་ཕྲའི་གནས་ཚུལ་ཉིན་འགའ་ཤས་རྗེས་རིམ་པས་ཐོན་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་བསྒྲགས་གཏམ་དེའི་ནང་འཁོད་པ་ལྟར་བྱས་ན། ད་ལྟའི་འཛམ་གླིང་གི་གནས་སྟངས་དང་མ་འོངས་པ་གཉིས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་སྟབས་དེ་ལ་གཞིགས་ཏེ་རྒྱ་ནག་གི་རང་བཞིན་ལྡན་པའི་ལམ་ལུགས་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་འདི་ཕྱོགས་གང་ས་ནས་ཡར་རྒྱས་བཏང་སྟེ་ཆེས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས་པའི་འགྲེལ་བརྗོད་བྱས་འདུག

ཚོགས་འདུའི་ཐོག་བཞག་པའི་དམིགས་ཡུལ་དེ་དག་ཕྱི་ལོ་༢༠༢༩སྟེ་རྒྱ་ནག་དམར་ཤོག་ཚོགས་པ་འགོ་འཛུགས་བྱས་ཏེ་ལོ་ངོ་༨༠འཁོར་བའི་དུས་དྲན་སྐབས་བསྒྲུབ་ཐུབ་པ་བྱ་རྒྱུ་ཡང་བསྒྲགས་གཏམ་ནང་འཁོད་འདུག

དེ་དང་ཕྱོགས་མཚུངས་བསྒྲགས་གཏམ་དེའི་ནང་མུ་མཐུད་བཀོད་དོན། རྒྱལ་ཡོངས་བདེ་འཇགས་ལས་དོན་རྒྱ་བསྐྱེད་ལ་བརྟེན་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་ལ་གནོད་སྐྱོན་བྱུང་ཡོད་ནའང་། དཔལ་འབྱོར་འཕེལ་རྒྱས་བཏང་བའི་མུར་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཡང་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་དེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་དགོས་ན། བདེ་འཇགས་སྲ་བརྟན་དགོས་རྒྱུ་ནི་རྨང་གཞི་ལྟ་བུ་ཡིན། གང་ལགས་ཞེ་ན། རྒྱལ་ཁབ་འདི་རྒྱ་ནག་གི་རང་བཞིན་ལྡན་པའི་ཆེས་དེང་རབས་ཅན་ཞིག་བསྐྲུན་པ་ལ་ རྒྱ་ནག་དེ་བཞིན་དམར་ཤོག་ཚོགས་པའི་འགོ་ཁྲིད་པའི་ལམ་ལུགས་མུ་མཐུད་རྒྱུན་གནས་དགོས་རྒྱུ་མེད་ན་མེད་ཐབས་རེད། དེའི་རྒྱུ་མཚན་ནི། རྒྱ་ནག་གི་དེང་རབས་ཅན་ནི་ནུབ་ཕྱོགས་ཀྱི་དེང་རབས་ཅན་དང་མི་འདྲ་བ་ཞིག་ཡིན་པའི་ནན་བརྗོད་ཀྱང་བྱས་འདུག་ ད་དུང་རྒྱ་ནག་གི་གྲོས་ཚོགས་ཚོགས་འཛོམས་སར་འཐུས་མི་ཚོས་ཞི་ཅིན་ཕིང་གིས་ཡང་ནས་ཡང་དུ་བརྗོད་བཞིན་པའི་ཆེས་དེང་རབས་ཅན་གྱི་ཚད་མཐོའི་འཕྲུལ་ལས་རིག་རྩལ་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ལས་གཞིའི་ཐོག་ལ་ཡང་མོས་མཐུན་རྒྱབ་སྐྱོར་བྱས་འདུག དེ་བཞིན་དེང་སྐབས་ཨ་མི་རི་ཀ་ཐེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ཐོག་ནུབ་ཕྱོགས་པའི་ཆེས་ཐོན་གསར་གྱི་འཕྲུལ་ལས་རིག་རྩལ། དཔེར་ན། ཅིབ་སི་ཞེས་པའི་རིག་མཛོད་འཕྲུལ་ཆས་ཀམ་པུར་ཊར་ནང་གནས་ཚུལ་གསོག་འཇོག་བྱ་ཡུལ་གྱི་འཕྲུལ་ཆས་དང་བཅོས་མའི་རིག་ནུས་ལ་སོགས་པ་མཁོ་གྲུབ་བྱ་རྒྱུར་དམ་བསྒྲགས་བྱེད་པའི་སྐབས་འདིར་རྒྱ་ནག་གཞུང་གིས་འཕྲུལ་ལས་རིག་རྩལ་ཐོག་མ་རྩ་མང་ཙམ་འཛུགས་འཇོག་བྱ་རྒྱུ་ནི་ལས་དོན་ཨང་དང་པོར་ངོས་འཛིན་དང་སྦྲགས། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཚོར་འཕྲུལ་ལས་ཡོ་ཆས་ཆེས་དེང་རབས་ཅན་དུ་འགྱུར་དགོས་པ་སོགས་ཀྱི་སྐུལ་མ་བྱེད་ཀྱི་ཡོད་པ་གསལ་བཏོན་བྱས་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་དང་ཨ་རི་ཐེ་བའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་དབར་མཚོ་གླིང་བདག་དབང་ཐད་འཁོན་འཁྲུག་ཉེན་འཚབ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གིས་རང་གི་དྲག་པོའི་དཔུང་སྡེ་ཆེས་དེང་རབས་ཅན་དུ་འགྱུར་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོས་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG