ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་སླར་གསོར་འཕྲུལ་རིག་དང་ཉེན་སྲུང་རྒྱ་སྐྱེད་ལ་དམིགས་པ།


པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་མཐོ་བའི་འགྲེམ་ཚོགས་ཀྱི་སྒོ་འགྲམ་དུ་འཕྲུལ་མི་ཞིག་གིས་ཞབས་བྲོ་འཁྲབ་བཞིན་པ།
པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་མཐོ་བའི་འགྲེམ་ཚོགས་ཀྱི་སྒོ་འགྲམ་དུ་འཕྲུལ་མི་ཞིག་གིས་ཞབས་བྲོ་འཁྲབ་བཞིན་པ།

འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ལོ་འདིར་མ་འོངས་པའི་མདུན་ལམ་ཐག་གཅོད་དང་འབྲེལ་བའི་གལ་ཆེའི་འོས་བསྡུ་བྱེད་ཀྱི་ཡོད་པའི་དུས་འདིར་རྒྱ་ནག་གི་གཞུང་འཛིན་དམར་ཤོག་ཚོགས་པས་རྒྱལ་ས་པེ་ཅིང་ནང་ཕྱིར་བསྒྲགས་མེད་པར་གནད་ཡོད་དཔོན་རིགས་ཁག་གི་དབར་ལྷན་ཚོགས་ཤིག་འཚོགས་ཀྱི་འདུག་ཅིང་། ཚོགས་འདུ་དེ་རྒྱ་ནག་ནང་འཕྲུལ་རིག་ལག་རྩལ་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འཆར་ཁག་རྒྱ་བསྐྱེད་གཏང་བའི་སྒོ་ནས་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་སླར་གསོ་ཡོང་ཐབས་ཀྱི་ཐབས་ལམ་ཁག་ཅིག་ལ་གོ་བསྡུར་ཆེད་རེད་འདུག

རྒྱ་ནག་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་གཟའ་ཕུར་བུའི་ཉིན་མཇུག་སྒྲིལ་བྱ་རྒྱུའི་ཚོགས་ཆེན་དེར་དེ་སྔོན་༡༩༧༠ལོ་མཇུག་ཏུ་རྒྱ་ནག་གི་དཔལ་འབྱོར་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་དང་ཚོང་ལས་སྒེར་པ་ཅན་དུ་གྱུར་བའི་སྐོར་དང་། གྲོས་གཞིའི་ཁོངས་སུ་དེར་སློབ་སྦྱོང་བྱ་རྒྱུ་དང་བཅོས་བསྒྱུར་གང་ཡོད་ལ་བསམ་ཞིབ་བྱེད་དགོས་པ་འཁོད་ཡོད་ཅེས་བཤད་འདུག

རྒྱ་ནག་གི་གཙོ་འཛིན་འདས་པོ་ཏིང་ཞའོ་ཕིང་གིས་རྒྱ་ནག་དེ་ཐོན་བསྐྱེད་ཀྱི་སྟོབས་ཤུགས་ལྡན་པ་བཟོ་རྒྱུའི་ལམ་ལུགས་བཟོས་ཡོད་པ་དང་། སྲིད་འཛིན་ཞི་ཅིན་པིང་གི་འཆར་གཞིའི་ནང་འཕྲུལ་རིག་ལག་རྩལ་དང་རྒྱལ་ཁབ་བདེ་འཇགས་ལ་དམིགས་པའི་འཕེལ་རྒྱས་གཉིས་སྡེབ་ཡོང་བར་དམར་ཤོག་ཚོགས་པས་རེ་བ་བྱེད་ཀྱི་ཡོད་ནའང་། དཔལ་འབྱོར་རིག་པར་མཁས་པ་ཚོས་་ལས་འཆར་འདི་དག་གིས་མ་རྐང་ཁྲོམ་ར་སྐྱོ་བ་དང་ས་གནས་སྲིད་གཞུང་ལ་བུ་ལོན་གྱི་ཚད་མཐོ་བ། ཁང་ཚོང་ལ་གོད་ཆག་རྒྱུན་རིང་བ་སོགས་ཀྱིས་རྒྱལ་ནང་གི་དཔལ་འབྱོར་འཕེལ་ཚད་དལ་དུ་སོང་བ་མྱུར་དུ་གཏོང་རྒྱུ་ཁག་པོ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།

སྤྱིར་དཀའ་ངལ་དེ་རིགས་རྒྱལ་ནང་གི་དཀའ་ངལ་ཞིག་ཡིན་ནའང་། དེང་སྐབས་རྒྱ་ནག་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པར་སླེབས་ཡོད་པར་བརྟེན་རྒྱ་ནག་རྒྱལ་ནང་གི་དཀའ་ངལ་དེ་དག་ས་མཚམས་བརྒལ་ཏེ་འཛམ་གླིང་ནང་གི་ཚོང་ལས་དང་། མ་རྐང་ཁྲོམ་ར། ལས་ཀའི་གོ་སྐབས་སོགས་ལ་ཤུགས་རྐྱེན་ཡོང་རྒྱུ་རེད།

རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་གསལ་བསྒྲགས་ནང་འདས་པའི་ཟླ་བ་གསུམ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་འཁོར་མྱུར་ཚད་བརྒྱ་ཆ་༤་༧ལ་སླེབས་ཡོད་པ་དེ་ནི་ལོ་འདིའི་་འགོ་སྟོད་ཟླ་བ་གསུམ་རིང་གི་ཚད་གཞི་ལས་བརྒྱ་ཆ་ ༥་༣ དམའ་རུ་སོང་བ་དང་། ཟླ་བ་གསུམ་ཚན་དང་པོ་ལྟར་་བྱས་ན་བརྒྱ་ཆ་༡་༥་ནས་བརྒྱ་ཆའི་་༠་༧ཙམ་གུལ་བ་བྱུང་ཡོད་ཅེས་བཤད་འདུག

དེ་བཞིན་ས་ཁང་ཉོ་ཚོང་ལོ་སྔོན་མ་ནས་ད་ལོ་ཕྱ་ཟླ་ ༦ བར་ཧ་ལམ་བརྒྱ་ཆ་༢༧་ཙམ་ཟག་འདུག་ཅིང་། ཕྱི་ཟླ་དྲུག་པའི་ནང་སིལ་ཚོང་གི་བརྒྱ་ ༢ ལས་འཕར་མེད་པ་དེ་ནི་ཏོག་དབྱིབས་ནད་ཡམས་ཀྱི་དུས་ནས་དམའ་ཤོས་བྱུང་ཡོད།

དེ་ཡང་རེ་མོནྜ་ ཡོང་དང་ཨེ་ཨན་ཛི་ཞིབ་འཇུག་ཁང་གི་དཔལ་འབྱོར་ཞིབ་འཇུག་པ་ཚོས་བཏོན་པའི་སྙན་ཐོའི་ནང་། ཁང་ཚོང་གིས་ཁྱིམ་གཞིས་ཀྱི་འབྱོར་བ་ལ་གལ་ཆེའི་ནུས་པ་ཡོད་པས་ཁང་ཚོང་ལ་བཟང་ཕྱོགས་ཀྱི་འཕེལ་རྒྱས་མ་བྱུང་ན་སིལ་ཚོང་གི་གནས་སྟངས་མུ་མཐུད་སྐྱོ་བོ་ཡོང་གི་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨེ་པི་དང་རུའི་ཀྲར་གསར་ཁང་ནས་བཏུས།

གསར་འགོད་པ།་ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG