ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

ཡུཀ་རེན་གྱི་དམག་སར་བསད་པའི་བྱང་ཀོ་རི་ཡའི་དམག་མི་ཞིག་གི་ཉིན་ཐོ།


ཡུཀ་རེན་གྱིས་འཛིན་བཟུང་བྱས་པའི་བྱང་ཀོ་རི་ཡའི་དམག་མི་ཞིག
ཡུཀ་རེན་གྱིས་འཛིན་བཟུང་བྱས་པའི་བྱང་ཀོ་རི་ཡའི་དམག་མི་ཞིག

༄༅།། ཡུཀ་རེན་གྱི་དམག་སར་བསད་པའི་བྱང་ཀོ་རི་ཡའི་དམག་མི་ཞིག་གི་ཉིན་དེབ་ནང་དུ་དམག་འཁྲུག་དེ་ཅི་ཙམ་འཇིགས་སུ་རུང་བ་དང་སྐྱི་གཡའ་བ། ཁ་ལོ་བ་མེད་པའི་འཕུར་གྲུ་ལ་ཇི་ལྟར་གཡོལ་དགོས་པ་རྣམས་གསལ་པོར་འཁོད། ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཝོལ་སི་ཊི་རི་ཊི་འཇར་ནར་ཚགས་པ་ལ་གནས་ཚུལ་ཐོན་པ་ལྟར་ན། བྱང་ཀོ་རི་ཡའི་དམག་མི་འདས་པོ་དེའི་ཉིན་དེབ་ནང་དུ་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུས་རྒོལ་རྡུང་བྱུང་ན་ཕྱོགས་གསུམ་ལ་ཕྲོས། མི་གཅིག་དམིགས་འབེན་ལ་འཛིན་དུ་ཆུགས། དམིགས་འབེན་དུ་བཟུང་བའི་མི་དེ་མ་འགུལ་བར་སྡོད། དེ་ནས་འཕུར་གྲུ་ཡང་བར་སྣང་དུ་འཇུག་གི་རེད། མི་གཞན་པ་གཉིས་ཀྱིས་གཡས་གཡོན་ནས་མེ་མདའ་བརྒྱབ་སྟེ་འཕུར་གྲུ་གཏོར། དམིགས་འབེན་དུ་བཟུང་བའི་མི་དེ་དང་འཕུར་གྲུ་གཉིས་ཀྱི་བར་དུ་རྒྱང་ཐག་མཱི་ཊར་བདུན་ངེས་པར་དུ་འཇོག་དགོས་ཞེས་སློབ་སྟོན་བྱས་པ་རྣམས་རི་མོ་དང་བཅས་དེབ་ཏུ་བྲིས། ར་ཤི་ཡར་དཔུང་གྲོགས་སུ་བཏང་བའི་བྱང་ཀོ་རི་ཡའི་དམག་མི་དེ་ཟླ་བ་སྔོན་མའི་ཚེས་༢༡་ཉིན་ཡུཀ་རེན་གྱི་དམག་སར་བསད།།

བྱང་ཀོ་རི་ཡའི་དམག་མི་འདས་པོ་དེས་ཡུཀ་རེན་གྱི་དམག་སའི་འཚོ་བ་དང་འཐབ་ཇུས། བྱང་ཀོ་རི་ཡའི་དམག་མི་རྣམས་ཀིམ་ཇོང་ཨུན་ལ་ཅི་ཙམ་དགའ་ཞེན་ཆེ་མིན་རྣམས་གསལ་པོར་བཀོད། རང་བཙན་གྱི་གསར་འགྱུར་ལས་ཁུངས་ཁག་གིས་བྱང་ཀོ་རི་ཡའི་དམག་མི་འདས་པོ་ཞིག་གི་ཉིན་དེབ་རེད་ཟེར་བ་དེ་ངོ་མ་ཡིན་པར་སྣང་། ཉིན་ཐོའི་ནང་གི་རྗོད་ཚིག་དང་ཡིག་གཟུགས། བསམ་བློའི་ལྟ་བ་འཁྱེར་སོ་རྣམས་བྱང་ཀོ་རི་ཡའི་མི་ཞིག་གིས་བྲིས་པའི་ཉིན་ཐོ་ཡིན་པ་བདེ་བླག་ཏུ་ངོ་འཕྲོད། ཉིན་དེབ་ནང་དུ་ངའི་ཚེ་སྲོག་འཆོར་ཡང་ཐེ་ཚོམ་མེད་པར་ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད་དེའི་བཀའ་བསྒྲུབ་རྒྱུ་ཡིན། ངས་འཛམ་གླིང་ཡོངས་ལ་ཀིམ་ཇོང་ཨུན་གྱི་དམིགས་བསལ་དམག་དཔུང་གི་དཔའ་ངར་སྟོན་ཆོག་ཅེས་དང་། ཡང་ཉིན་ཐོ་གཞན་ཞིག་གི་ནང་དུ་ངས་ཕ་མའི་བརྩེ་དྲོད་བཞག་སྟེ་ར་ཤི་ཡའི་ས་ཐོག་ཏུ་བསླེབས་ཡོད། ངའི་སྙིང་ཉེ་བའི་འཐབ་གྲོགས་སུང་ཇཱི་མོང་(Song Ji Myong)་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་ཡིན་ཞེས་འཁོད།།

ཡུཀ་རེན་གྱི་དམག་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་གྲ་སྒྲིག
ཡུཀ་རེན་གྱི་དམག་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་གྲ་སྒྲིག

ཉིན་ཐོ་དེའི་ནང་དོན་ཁག་ཅིག་ཡུཀ་རེན་གྱི་དམིགས་བསལ་དཔུང་སྡེས་ཟུར་དུ་བཏོན་ནས་ཕྱི་རུ་བཀྲམ། ཡུཀ་རེན་གྱི་དམིགས་བསལ་དཔུང་སྡེའི་ལས་སྣེ་ཚོས་ཉིན་ཐོ་འབྲི་མཁན་བྱང་ཀོ་རི་ཡའི་དམག་མི་ཕོ་གསར་དེ་དང་འཐབ་གྲོགས་འགའ་ཞིག་མེ་འཕེན་འཐབ་མོ་ཞིག་གི་སྐབས་སུ་སྲོག་སྐྱོན་ཕོག་པ་རེད་ཅེས་བཀྲལ། ན་ནིང་ཕྱི་ཟླ་༡༠་པའི་ནང་བྱང་ཀོ་རི་ཡའི་དམག་མི་༡༢༠༠༠་ཡས་མས་ཤིག་ར་ཤི་ཡར་དཔུང་གྲོགས་སུ་འབྱོར། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བྱང་ཀོ་རི་ཡའི་དམག་མི་༤༠༠༠་ཙམ་གྱི་ཚེ་སྲོག་ཤོར་འདུག ཕྱི་ཟླ་༡༢་པའི་མཐའ་མཇུག་གི་གཟའ་འཁོར་དེའི་ནང་དུ་བྱང་ཀོ་རི་ཡའི་དམག་མི་༡༠༠༠་ལྷག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ར་ཤི་ཡས་བྱང་ཀོ་རི་ཡའི་དམག་མི་དེ་དག་གི་ཚེ་སྲོག་ལ་འཛེམ་པ་མེད་པར་མདུན་དུ་གཏོང་གི་ཡོད་པས་སྔུན་དུ་སྒུག་ཡོད་པའི་ཡུཀ་རེན་གྱི་དམག་གིས་མེ་མདའ་བརྒྱབ་ནས་བྱང་ཀོ་རི་ཡའི་དམག་མི་དེ་རྣམས་རྩྭ་བྲེགས་པ་ལྟར་སྡེབ་གསོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ར་ཤི་ཡའི་དམག་དཔུང་མདུན་དུ་བཏང་ན་མཁའ་དབྱིངས་སུ་གནམ་གྲུ་དང་འཕུར་གྲུ། རྒྱབ་ལོགས་ནས་མེ་སྒྱོགས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་མོད། འོན་ཀྱང་བྱང་ཀོ་རི་ཡའི་དམག་དཔུང་མདུན་དུ་བཏང་ན་དེ་ལྟའི་སྲུང་སྐྱོབ་མེད། ཐ་ན་དམག་སར་བསད་པའི་བྱང་ཀོ་རི་ཡའི་དམག་མིའི་ཕུང་པོ་ཁག་ཅིག་ལ་བདག་པོ་མ་བརྒྱབ་པར་ཁ་བའི་ཁྲོད་དུ་ལུས་ཏེ་ཡུཀ་རེན་གྱི་ལག་ཏུ་ཐེབས། བྱང་ཀོ་རི་ཡའི་དམག་མི་ཁག་ཅིག་གིས་རང་ཉིད་འཛིན་བཟུང་བྱེད་དུ་འཇུག་རྒྱུའི་ཚབ་ཏུ་རང་སྲོག་བཅད་ནས་གསོད་ཀྱི་ཡོད་པ་སྟེ། ཡུཀ་རེན་གྱི་དམིགས་བསལ་དཔུང་སྡེའི་མགྲིན་ཚབ་པ་ཨོ་ལེག་ཛན་ཌར་ཁིན་ཌ་ར་ཊན་ཀོས་(Oldeksandr Kindratenko)་བྱང་ཀོ་རི་ཡའི་དམག་མི་དེ་ཚོ་རྨས་ནས་འཛིན་བཟུང་ཐེབས་རྒྱུའི་མཚམས་སུ་བསླེབས་ཚེ། མི་ཁག་ཅིག་གིས་རང་སྲོག་བཅད་ནས་གསོད་པའམ། ཡང་ན་རང་ཕྱོགས་ཀྱི་མི་ལ་གསོད་དུ་འཇུག་གི་འདུག ཁོ་ཚོར་ཆབ་སྲིད་ཀྱི་སློབ་གསོ་ཐེབས་ནས་ཀླད་པ་བཀྲུས། བྱང་ཀོ་རི་ཡའི་དམག་མི་ཕལ་མོ་ཆེར་མགོ་འཛུལ་རྒྱུའི་རྟོག་པ་མི་འདུག་ཟེར།།

ཡུཀ་རེན་གྱིས་འཛིན་བཟུང་བྱས་པའི་བྱང་ཀོ་རི་ཡའི་དམག་མི་ཞིག
ཡུཀ་རེན་གྱིས་འཛིན་བཟུང་བྱས་པའི་བྱང་ཀོ་རི་ཡའི་དམག་མི་ཞིག

ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱིས་བྱང་ཀོ་རི་ཡའི་དམག་མི་གཉིས་འཛིན་བཟུང་བྱས་ཡོད་ཅིང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་ལ་དམག་མི་དེ་ཚོ་དགོས་ན་ར་ཤི་ཡས་ཡུཀ་རེན་གྱི་དམག་མི་འཛིན་བཟུང་ཡོད་པ་རྣམས་གློད་གྲོལ་གཏོང་དུ་ཆུགས། ང་ཚོས་བྱང་ཀོ་རི་ཡའི་དམག་མི་འཛིན་བཟུང་བྱས་པ་ཐེངས་དང་པོ་ཡིན་རུང་ཐ་མ་དེ་ཡིན་མི་སྲིད། དུས་ཚོད་སྔ་གཞུག་མ་གཏོགས་ཡུཀ་རེན་གྱིས་བྱང་ཀོ་རི་ཡའི་དམག་མི་འཛིན་བཟུང་བྱ་རྒྱུ་མང་དུ་འགྲོ་ངེས་རེད་ཅེས་གྲོས་གཞི་བཏོན། ཡུཀ་རེན་གྱིས་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ་ཡོད་པ་དེའི་ནང་དུ་བྱང་ཀོ་རི་ཡའི་དམག་མི་ཞིག་གིས་འགྲམ་པ་དང་མ་ནེ་རྨས། དམག་མི་གཞན་དེའི་ལག་པ་དང་དཔྱི་མགོ་རྨས། ཁོ་ཚོས་ར་ཤི་ཡའི་སྐད་དང་དབྱིན་སྐད་སོགས་ཅི་ཡང་བཤད་མི་ཤེས་པར་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་སྐད་སྒྱུར་རེད་ཅེས་དངོས་སུ་མ་བསྟན་པའི་མི་ཞིག་གིས་སྐད་སྒྱུར་བྱེད་ཀྱི་ཡོད་པ་ཕྱི་རུ་བསྒྲགས།།

ལག་པ་རྨས་ཡོད་པའི་བྱང་ཀོ་རི་ཡའི་དམག་མི་དེས་ངས་ཡུཀ་རེན་ལ་དམག་འཁྲུག་རྒྱག་གི་ཡོད་པ་ཤེས་མ་བྱུང་། ང་ཚོར་དམག་སྦྱོང་བྱེད་ཀྱི་ཡོད་པ་རེད་ཅེས་འགྲེལ་བཤད་བརྒྱབ་སོང་། ང་ས་དོང་ནང་དུ་ཡུབ་ནས་བསྡད་པ་དང་ཉི་མ་རེ་ཟུང་རྗེས་སུ་རྙེད་པ་རེད། ང་བྱང་ཀོ་རི་ཡར་ཕྱིར་ལོག་བྱོས་ཞེས་བཀའ་ཕབ་ན་ལོག་ཆོག གལ་སྲིད་ང་སྡོད་དུ་བཅུག་ན་ཡུཀ་རེན་དུ་འདུག་རྩིས་ཡོད་ཅེས་སྐད་སྒྱུར་བརྒྱུད་ནས་ལན་བཏབ། འགྲམ་པ་རྨས་ཡོད་པའི་བྱང་ཀོ་རི་ཡའི་དམག་མི་དེས་རང་ཡུལ་དུ་ལོག་འདོད་ཡོད་པའི་རྣམ་འགྱུར་བསྟན་ཞིང་། སྲིད་འཛིན་ཛེ་ལན་སི་ཀིས་བྱང་ཀོ་རི་ཡར་ལོག་འདོད་མེད་པ་དང་ཞི་བདེ་བསྐྲུན་པར་བདེན་པ་བཤད་ཕོད་མཁན་ཚོར་གོ་སྐབས་ཤིག་སྤྲོད་རྒྱུའི་ཐབས་ལམ་རྙེད་སྲིད་ཅེས་བཤད། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱིས་བྱང་ཀོ་རི་ཡའི་དམག་མི་༣༠༠་ལྷག་བསད་ཡོད་པ་དང་མི་༢༧༠༠་ལྷག་རྨས་འདུག ར་ཤི་ཡས་བྱང་ཀོ་རི་ཡའི་དམག་མིའི་ཚེ་སྲོག་ལ་རིན་ཐང་གཏན་ནས་རྩི་ཡི་མི་འདུག་ཅེས་གྲོས་ཚོགས་ལ་སྙན་སེང་ཞུས།།

བྱང་ཀོ་རི་ཡའི་དམག་གིས་རྒྱལ་ས་ཕིང་དབྱང་དུ་རུ་སྒྲིག་དཔུང་ངོམ།
བྱང་ཀོ་རི་ཡའི་དམག་གིས་རྒྱལ་ས་ཕིང་དབྱང་དུ་རུ་སྒྲིག་དཔུང་ངོམ།

ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་བྱང་ཀོ་རི་ཡའི་དམག་མི་ཚོར་འཐབ་འཁྲུག་གི་ཉམས་མྱོང་མེད་ཀྱང་མྱུར་དུ་ཉམས་མྱོང་ཐོབ། ཀིམ་ཇོང་ཨུན་གྱིས་བྱང་ཀོ་རི་ཡའི་དམག་མི་ཚོར་འཐབ་འཁྲུག་གི་ཉམས་མྱོང་དང་སྦྱོང་བརྡར་ཐོབ་ཏུ་འཇུག་རྒྱུའི་དམིགས་ཡུལ་བཅངས་པ་འགྲུབ་ཀྱི་འདུག བྱང་ཀོ་རི་ཡའི་དམག་དཔུང་འཐབ་འཁྲུག་དངོས་ལ་ཞུགས་ནས་སྦྱོང་བརྡར་ཐོབ་ན་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡིན་པའི་གསར་འགྱུར་ཐོན། ཡུཀ་རེན་གྱི་དམག་མི་ཞིག་གིས་བྱང་ཀོ་རི་ཡའི་དམག་མི་ཚོ་སྒྲིག་ཁྲིམས་ལྡན་པ་དང་འཐབ་ཇུས་མཁས་པོ། ར་ཤི་ཡའི་དམག་དཔུང་དང་མ་འདྲ་བར་ཆེད་ལས་ཀྱི་དམག་དཔུང་ཞིག་རེད་ཅེས་གདེང་འཇོག་ཚད་མཐོ་བྱས། ཡུཀ་རེན་གྱི་དམིགས་བསལ་དམག་དཔུང་གིས་བྱང་ཀོ་རི་ཡའི་དམག་མིའི་འཐབ་ཇུས་དེ་རྗེས་ལུས་ཡིན་པ་དང་འཕུར་གྲུ་ལ་གཡོལ་མ་ཤེས། ཁོ་ཚོ་རྩེ་མེད་གཏོང་རྒྱུ་སྟབས་བདེ་པོ་རེད་ཅེས་མཐོང་ཆུང་བྱེད་ཀྱི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ།།

ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཨན་ཌི་རི་ཡུ་སོབ།
ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཨན་ཌི་རི་ཡུ་སོབ།

༡༩༥༠་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་རྗེས་སུ་བྱང་ཀོ་རི་ཡའི་དམག་གིས་ཕྱི་ལ་འཐབ་འཁྲུག་བརྒྱབ་མ་མྱོང་ཞིང་། ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨན་ཌི་རི་ཡུ་སོབ་(Andrii Yusov)་ཀྱིས་ལོ་བཅུ་ཕྲག་འགའི་གཞུག་ཏུ་བྱང་ཀོ་རི་ཡའི་དམག་དཔུང་དངོས་སུ་འཐབ་འཁྲུག་ལ་ཞུགས་ནས་ཉམས་མྱོང་ཐོབ་པ་རེད། དེང་སྐབས་བྱང་ཀོ་རི་ཡའི་དམག་ལ་ཐོབ་ཀྱི་ཡོད་པའི་སྦྱོང་བརྡར་དེ་འདྲ་ཞིག་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ཅིག་གི་དམག་ལ་ཐོབ་ཀྱི་མི་འདུག འདི་ནི་ཡུཀ་རེན་དང་ཡུ་རོབ་ཀྱི་དཀའ་ངལ་ཁོ་ན་མིན། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཤས་ཆེ་ཞེས་ཉེན་བརྡ་བཏང་འདུག ར་ཤི་ཡའི་གཞུང་གིས་བྱང་ཀོ་རི་ཡའི་དམག་མི་དེ་ཚོར་ཐུ་བ་དང་བྷུ་རི་ཡ་ཐེ། ཀལ་མུག་བ་སོགས་སོག་རིགས་ཀྱི་ལག་འཁྱེར་བཀྲམ་ནས་བྱང་ཀོ་རི་ཡའི་དམག་ཡིན་པ་གསངས། དམག་དོན་ཉམས་ཞིབ་པ་ཚོས་ར་ཤི་ཡར་བྱང་ཀོ་རི་ཡའི་དཔུང་གྲོགས་མེད་པར་ཀོར་སི་ཀ་མངའ་ཁུལ་དུ་ཡུཀ་རེན་ལ་འཐབ་རྒོལ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

གླེང་སྟེགས།

XS
SM
MD
LG