ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙིགས་སུ་འཛིན་དགོས་ཞེས་བསྒྲཊ།


རྒྱ་ནག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚོགས་ཐུན་གསུམ་པའི་གསར་འགྱུར་གྱི་བརྙན་འཕྲིན་ཆེན་པོ་ཞིག་གི་སྟེང་དུ་སྟོན་གྱི་ཡོད།
རྒྱ་ནག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚོགས་ཐུན་གསུམ་པའི་གསར་འགྱུར་གྱི་བརྙན་འཕྲིན་ཆེན་པོ་ཞིག་གི་སྟེང་དུ་སྟོན་གྱི་ཡོད།

༄༅།། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་མཇུག་བསྒྲིལ། ཕྱི་ཟླ་༧་པའི་ཚེས་༡༨་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙིགས་སུ་བཟུང་སྟེ་རྒྱལ་ནང་གི་ཚོང་ལས་ཉམས་ཆག་ཕྱིན་པ་སླར་གསོ་དང་ཨ་རིར་དཔལ་འབྱོར་ཐོག་ཏུ་འགལ་ཟླ་ཆེ་རུ་འགྲོ་རུ་འགྲོ་བཞིན་པར་གདོང་ལེན། རྒྱ་ནག་གི་ཕུགས་རྒྱང་རིང་པོའི་སྲིད་ཇུས་ཤིག་གཏན་འབེབས་བྱ་དགོས་ཞེས་ཐག་བཅད། དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཐོན་སྐྱེད་བཟོ་འདོན་ཐད་འགྱུར་བཅོས་གཏིང་ཟབ་དང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས། རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༥་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད་པ་འགྲུབ་ཏུ་འཇུག་རྒྱུ་ཡིན་ཞེས་བསྐྱར་དུ་བཟློས།།

ཉེ་ཆར་ཕྱི་ཟླ་༣་པའི་ནང་དུ་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུའང་དཔལ་འབྱོར་བརྒྱ་ཆ་༥་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག འོན་ཀྱང་ལོ་འདིའི་ཕྱི་ཟླ་༤་པ་ནས་༦་པའི་བར་དུ་ཟླ་བ་གསུམ་གྱི་རིང་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༤.༧་ལས་འཕེལ་རྒྱས་ཕྱིན་མེད་ཅིང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དེང་རབས་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་འཛུགས་རྒྱུའི་དམིགས་ཡུལ་གཙོ་བོ་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་ཁ་གསལ་མེད་ཀྱང་ཞིས་ཅིན་ཕིང་གིས་རྒྱ་ནག་ཡར་ཐོན་གྱི་ཚན་རིག་ལག་རྩལ་ཐོག་ཏུ་རང་མགོ་ཐོན་པ་དང་ཨ་རིའི་ཚོང་ལས་བཀག་སྡོམ་སོགས་ཀྱིས་འགོག་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཟེར་བར་གོ་དགོས་པར་སྣང་ཞེས་གླེང་།།

ཕྱི་ཟླ་༧་པའི་ཚེས་༡༨་ཉིན་ཀིའོ་དྷོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཚོགས་པའི་མཐོ་རིམ་འགོ་ཁྲིད་༢༠༠་ལྷག་དང་རྗེས་སྣོན་ཚོགས་མི་༡༧༠་མཉམ་ཞུགས་བྱས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་སུ་ཞིས་ཅིན་ཕིང་གིས་འགྱུར་བཅོས་གཏིང་ཟབ་དང་རྒྱ་ཆེན་པོ་བཏང་སྟེ་རྒྱ་ནག་དེང་རབས་ཅན་དུ་བསྒྱུར་དགོས། རྒྱ་ནག་གི་དེང་རབས་ཅན་ནི་ནུབ་ཕྱོགས་ཀྱི་དེང་རབས་ཅན་དང་མ་འདྲ་བ་ཞིག་ཡིན་ཞེས་ནན་གྱིས་བརྗོད། སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་དཔལ་འབྱོར་གྱི་གནད་དོན་ཁག་གྲོས་སྡུར་བྱས་ཡོད་པར་མ་ཟད། རྒྱ་ནག་གི་མཐོ་རིམ་ལས་སྣེ་ཁག་ཅིག་འཕོ་འགྱུར་གཏོང་རྒྱུའི་གྲོས་སྡུར་ཡང་བྱས་ཤིང་། ཞིས་ཅིན་ཕིང་གིས་དངོས་སུ་བདམས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་གིས་ལས་གནས་ནས་དགོངས་པ་ཞུས་ཏེ་འཁྲོལ་ཆ་ཐོབ།།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་གིས་ལས་གནས་ནས་དགོངས་པ་ཞུས་ཏེ་འཁྲོལ་ཆ་ཐོབ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་གིས་ལས་གནས་ནས་དགོངས་པ་ཞུས་ཏེ་འཁྲོལ་ཆ་ཐོབ།

ན་ནིང་ཕྱི་ཟླ་༧་པའི་ནང་དུ་ཆིན་ཀང་གིས་ཕྱི་སྲིད་བློན་ཆེན་གྱི་གོ་གནས་བཟུང་ནས་ཟླ་བ་༧་གྱི་རྗེས་སུ་གློ་བུར་དུ་གནས་དབྱུང་བཏང་སྟེ་ཝང་དབྱི་བསྐྱར་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོས། ཁ་སྔོན་ཕྱི་ཟླ་༣་ནང་ཆིན་ཀང་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཁོངས་ནས་དགོངས་པ་ཞུས། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲང་ཧྥུ་དང་འཕུར་མདེའ་དཔུང་སྡེའི་འགོ་ཁྲིད་ལི་ཡུའི་ཁྲའོ། སུན་ཅིན་མཱིང་རྣམས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་སྤྱི་བསྒྲགས་སུ་བཀོད། རྒྱ་ནག་གི་མཐོ་རིམ་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་དམག་མི་ཚོར་འཐབ་འཁྲུག་གི་ནུས་པ་མེད། རྒྱ་ནག་གི་དམག་དོན་འགྲོ་གྲོན་རྣམས་དམག་དཔོན་ཚོས་ལྐོག་ཟ་ཚབས་ཆེན་བྱེད་ཀྱི་ཡོད་པ་འགོག་དགོས་པའི་གྲོས་སྡུར་བྱས་ཡོད་པའི་ཚོད་དཔག་བྱས་འདུག

མཱི་ཛུ་ཧོ་དངུལ་ཁང་གི་ཨེ་ཤི་ཡའི་དཔལ་འབྱོར་ཉམས་ཞིབ་པ་གེན་ཁྲེང་(Ken Cheung)་གིས་བཤད་པ་ལྟར་ན། སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་ས་ཁང་ཚོང་ལས་སྲ་བརྟན་གཏོང་རྒྱུའི་ཐབས་ཇུས་མ་བཙལ་བར་ས་ཁང་ཚོང་ལས་མ་རྩ་རྡིབ་བཞིན་པ་འགོག་ཐབས་འཚོལ་དགོས་པ་དང་དཀའ་ངལ་སེལ་ཐབས་བྱ་དགོས་ཞེས་ནན་གྱིས་བསྐུལ། རྒྱ་ནག་དམར་ཤོག་ཚོགས་པའི་ལུགས་སྲོལ་ལྟར་ཚོགས་འདུའི་རྗེས་སུ་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཞིབ་ཕྲ་ཕྱིར་བསྒྲགས་འབྱུང་སྲིད། ཟླ་མཇུག་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༤་ཚོགས་འདུ་འཚོགས་ནས་དཔལ་འབྱོར་འགྱུར་བཅོས་སོགས་ལ་ཤུགས་སྣོག་རྒྱག་དགོས་ཞེས་ཕྱིར་བསྒྲགས་བྱ་རྒྱུའི་རྣམ་པ་ཞིག་མངོན། ཏོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ཉམས་པ་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་རིན་གོང་དམའ་བའི་དངོས་ཟོག་འགོག་རྒྱུ་ཤུགས་ཆེ་རུ་སོང་། རྒྱ་ནག་མི་དམངས་ཀྱིས་དངུལ་སྒོར་འགྲོ་གྲོན་མ་བཏང་བར་རྒྱལ་ནང་གི་ཚོང་ལས་ཉམས་པའི་དཀལ་ངལ་སེལ་ཐབས་ཞིག་རྙེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

JMEV ནན་ཁྲང་གློག་གི་རླངས་འཁོར་བཟོ་གྲྭ།
JMEV ནན་ཁྲང་གློག་གི་རླངས་འཁོར་བཟོ་གྲྭ།

ཕྱི་ཟླ་༧་པའི་ཚེས་༡༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་རྗེས་སུ་སྤྱི་བསྒྲགས་ཤིག་སྤེལ་བ་དེའི་ནང་དུ་ད་ལྟ་དང་མ་འོངས་པའི་དུས་སྐབས་ནི་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་མངའ་ཐང་བསྐྱར་དར་གྱི་དེང་རབས་རྒྱལ་ཁབ་ཅིག་འཛུགས་པར་ཕྱོགས་ཡོངས་ནས་གནད་འགག་ཆེན་པོ་ཡིན། རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་ཡུན་བརྟན་གྱི་དེང་རབས་རྒྱལ་ཁབ་ཅིག་འཛུགས་པར་བདེ་འཇགས་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་པོ་དགོས། ༢༠༢༩་ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༨༠་འཁོར་བའི་དུས་དྲན་སྐབས་དེར་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐག་གཅོད་རྣམས་འགྲུབ་ཏུ་འཇུག་ཡིན་ཞེས་ཁས་བླངས།།

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ནང་དུ་མང་ཚོགས་ལ་དཔལ་འབྱོར་ཡོང་འབབ་ཆ་མཉམ་མེད་པ་སྙོམས་ཐབས་དང་ཁྲོམ་རའི་ལས་ཀའི་གོ་སྐབས་ཆེ་རུ་གཏོང་རྒྱུ། མི་དམངས་ལ་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་དང་སྨན་བཅོས་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་ཡིན་ཞེས་བཀོད་ཀྱང་སྲིད་ཇུས་དེ་རྣམས་ལག་ལེན་བསྟར་ཕྱོགས་གསལ་པོ་ཞིག་མ་འཁོད། རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད་ཡོད་པའི་དཀའ་ངལ་སེལ་ཐབས་ཀྱང་མ་བསྟན། དཔྱ་ཁྲལ་ལམ་ལུགས་ལེགས་བཅོས་བཏང་སྟེ་གྲོང་གསེབ་དང་གྲོང་ཁྱེར་གཉིས་མཉམ་འདྲེས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཟེར། རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱི་ལ་སྒོ་མོ་ཕྱེ་ཡོད་ཟེར་རུང་དམར་ཤོག་ཚོགས་པས་བཟོ་ཚོང་ལས་ཁུངས་ཁག་དང་སྤྱི་ཚོགས་དྲྭ་རྒྱ། ནོར་སྲིད་སོགས་མིའི་འཚོ་བའི་ནང་གི་བྱེད་སྒོ་མཐའ་དག་ལ་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ར་བྷོ་དངུལ་ཁང་གི་ཉམས་ཞིབ་པ་མེ་ཝི་སེན་(Teeuwe Mevissen)་གྱིས་བཤད་པ་ལྟར་ན། ད་ཐེངས་ཀྱི་སྤྱི་བསྒྲགས་དང་སྔོན་ཆད་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འགྱུར་བཅོས་བཏང་སྟེ་ཁྲོམ་རར་བསྟུན་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་པ་གཉིས་རྒྱབ་འགལ་རེད། གཟའ་ཕུར་བུའི་ཉིན་ཚོགས་འདུ་མཇུག་བསྡུས་པའི་སྐབས་སུ་སྒོ་འབྱེད་གལ་གནད་ཆེ། ཁྲོམ་ར་སྒོ་འབྱེད་བྱ་དགོས་ཞེས་ནན་བརྗོད་བྱས་ཀྱང་ལྟ་གྲུབ་ལ་ཉེན་ཁ་བྱུང་ན་དམར་ཤོག་ཚོགས་པས་ངེས་པར་འགོག་དགོས་ཟེར་འདུག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཁེ་ཕན་སྤྲོད་སྲིད་པ་དང་ཞིས་ཅིན་ཕིང་གིས་ཐུན་མོང་གི་འཕེལ་རྒྱས་ཟེར་བའི་ལམ་ཕྱོགས་སུའང་བསྐྱོད་སྲིད། སྲིད་ཇུས་དེ་རྣམས་དངོས་སུ་ལག་ལེན་བསྟར་ན་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ལ་དགེ་མཚན་ཡོད་ཅེས་བཀྲལ། ༡༩༧༨་ལོར་ཏིང་ཞའོ་ཕིན་གྱིས་ཕྱི་ལ་སྒོ་མོ་ཕྱེ་སྟེ་འགྱུར་བཅོས་བཏང་ནས་བཟུང་། རྒྱ་ནག་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་རྣམས་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཏོ།།

གླེང་སྟེགས།

XS
SM
MD
LG