ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༢/༢༥

ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་ཡུ་ཀེ་རན་དབར་ཞི་གྲོས་ཡོང་རྒྱུར་སྟོབས་ཆེན་རྒྱབ་ཚོས་རོགས་ཕན་བྱེད་དགོས་ཟེར།


ཧཱན་གྷ་རིའི་སྲིད་འཛིན་ཝེཀ་ཌོར་ཨཱོ་བྷེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་
ཧཱན་གྷ་རིའི་སྲིད་འཛིན་ཝེཀ་ཌོར་ཨཱོ་བྷེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་

ཧཱན་གྷ་རིའི་སྲིད་འཛིན་ཝེཀ་ཌོར་ཨཱོ་བྷེན་འཆར་གཞི་མེད་པར་རྒྱ་ནག་ནང་འབྱོར་ནས་ཨུ་རུ་སུ་དང་ཡུ་ཀེ་རན་གྱི་དམག་འཁྲུག་སྐོར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་གླེང་མོལ་བྱས་སྐབས་ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་ཡུ་ཀེ་རན་གྱི་དམག་འཁྲུག་མཚམས་འཇོག་དང་ཞི་གྲོས་ཡོང་རྒྱུར་སྟོབས་ཆེན་རྒྱལ་ཁབ་ཚོས་རོགས་ཕན་བྱེད་དགོས་ཅེས་བཤད་སྐོར་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་གྱིས་གནས་ཚུལ་སྤེལ་འདུག

ཧཱན་གྷ་རིའི་སྲིད་འཛིན་ཨོ་བྷན་ནི་ད་ལོ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རིམ་མོས་སྲིད་འཛིན་ཡིན་ནའང་། ཡོ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོའི་ངོས་འཛིན་དང་གུས་ཞབས་ཐོབ་ཀྱི་མེད་ཅིང་། ཡོ་རོབ་ཀྱི་དབུ་ཁྲིད་ཚོས་ཁོང་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་ལ་འབྲེལ་ལམ་ཉེ་བོ་ཡོད་མཁན། རྒྱུན་དུ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནང་ཡུ་ཀེ་རན་ལ་གོ་མཚོན་གྱི་རོགས་རམ་སྤྲོད་རྒྱུར་ངོ་རྒོལ་བྱེད་མཁན་ཞིག་ཡིན་པའི་རྐྱེན་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་ཚོ་དང་མཐུན་གྱི་མེད། གཟའ་འཁོར་སྔོན་མ་ཁོང་གིས་སྲིད་འཛིན་པུ་ཀྲིན་དང་ཐུག་འཕྲད་བྱས་པ་དེར་ཡུ་ཀེ་རན་གཞུང་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ངོ་རྒོལ་བྱས་ཡོད་པ་རེད།

འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་སྲིད་འཛིན་ཨཱོ་བྷན་ལ་ཡོ་རོབ་མཉམ་འབྲེལ་གྱི་སྐོར་རེས་སྲིད་འཛིན་གནང་བར་དགའ་བསུ་བྱས་པ་དང་ཆབས་ཅིག རྒྱ་ནག་དང་ཧཱན་གྷ་རི་ཡུལ་གྲུའི་ད་ལྟའི་འབྲེལ་ལམ་ནི་དུས་རབས་གསར་པའི་འཐབ་གྲོགས་ཤིག་ཡིན་པ་སོགས་འགྲེལ་བརྗོད་བྱས་ནས་མུ་མཐུད་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར། དེ་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་གོང་འཕེལ་གཏོང་རྒྱུར་སྐུལ་དེད་བྱས་ཡོད་པ་མ་ཟད། ཨུ་རུ་སུ་དང་ཡུ་ཀེ་རན་གྱི་དམག་འཁྲུག་སྐོར་གླེང་བའི་སྐབས་ཞི་ཅིན་ཕིང་གིས་དམག་འཁྲུག་དེ་མྱུར་དུ་མཚམས་འཇོག་ཡོང་རྒྱུར་ཆབ་སྲིད་ཀྱི་དཀའ་རྙོག་ཁག་ཕྱོགས་གཉིས་ཀའི་ཁེ་ཕན་དང་མཐུན་པའི་ཐོག་ནས་སེལ་རྒྱུའི་ལམ་ཞིག་འཚོལ་དགོས་པ་སོགས་གཏམ་བཤད་སྤེལ་ཡོད་པ་རེད།

ཧཱན་གྷ་རིའི་སྲིད་འཛིན་ཝེག་ཌོ་ཨཱོ་བྷན་ནས་༢༠༡༠ལོ་ནས་སྲིད་འཛིན་གྱི་འགན་བཞེས་གནང་བ་ནས་བཟུང་ཕྱི་འབྲེལ་གྱི་སྲིད་ཇུས་ཁག་རྒྱ་ནག་དང་ཨུ་རུ་སུ་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་། ན་ནིང་ཕྱི་ཟླ་༡༠པའི་ནང་རྒྱ་ནག་ཏུ་རྒྱུད་གཅིག་ལམ་གཅིག་སྐོར་གྱི་ཚོགས་ཆེན་ཐོག་ལ་མཉམ་ཞུགས་བྱེད་མཁན་ཡོ་རོབ་རྒྱལ་ཁབ་ཀྱི་འགོ་ཁྲིད་གཅིག་པུ་དེ་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG