ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ས་གནས་སྲིད་གཞུང་ཁག་གི་འཛུགས་སྐྲུན་ལ་བསྐྱར་ཞིབ་དགོས་པའི་ནན་སྐུལ།


འཛུགས་སྐྲུན་ཕྱེད་ཀ་ལས་ཚར་མེད་པའི་རྒྱ་ནག་གི་ཁང་ཆེན་ཁག
འཛུགས་སྐྲུན་ཕྱེད་ཀ་ལས་ཚར་མེད་པའི་རྒྱ་ནག་གི་ཁང་ཆེན་ཁག

༢༠༢༤།༡༢།༢༣

ཨ་རིའི་རླུང་འཕྲིན་ཁང་།

༄༅།། རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་ཁེ་སང་མེད་པའི་ལས་གཞི་ཆེན་པོ་གཉེར་བ་དང་རྨང་གཞིའི་མཐུན་རྐྱེན་འབའ་ཞིག་འཛུགས་སྐྲུན་བྱས་ནས་བུ་ལོན་ནང་དུ་ཚུད་ཀྱི་ཡོད་པ་དེར་གཡོལ་ཐབས་བྱ་དགོས་ཞེས་ནན་སྐུལ་བྱས་འདུག ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཧང་ཀྲུག་གྲོང་ཁྱེར་དུ་ཨན་བྷོང་ཌ་ཞིབ་འཇུག་ཁང་གསར་འཛུགས་པ་ཁྲེན་གུང་(Chen Gong)་ནས་རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པར་གནས་ལུགས་དང་མཐུན་པའི་བཅོས་སྒྲིག་དང་ཕན་ཐོགས་ཡོད་མེད་ལ་བརྟག་དཔྱད། གང་དུ་ཚོད་འཛིན་བྱ་དགོས་པ་བཅས་ལ་བསམ་ཞིབ་བྱས་ནས་འགྲོ་གྲོན་ཚད་མེད་མ་བཏང་བར་འཛུགས་སྐྲུན་ལས་གཞི་ཐབས་མཁས་ཤིག་གཉེར་དགོས་ཞེས་ནན་བརྗོད་བྱས་འདུག

ཉམས་ཞིབ་པ་ཁྲེན་གུང་ནས་དེང་སྐབས་རྒྱ་ནག་ལ་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ནི་ཁེ་སང་མེད་པ་དང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ལས་གཞི་དེ་ཚོར་ཚོད་འཛིན་མེད་པས་རེད། མ་འོངས་པའི་ལས་གཞི་ཁག་ཀྱང་སྔར་ལྟར་གཉེར་ན་ས་གནས་སྲིད་གཞུང་ཁག་ལ་ཁེ་སང་མེད་པར་བུ་ལོན་ནང་དུ་ཚུད་རྒྱུ་ཉག་གཅིག་རེད་ཅེས་བསྟན། ཨན་བྷོང་ཌ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཀྲའོ་ཀྲི་ཅང་(Zhao Zhijiang)་གིས་ཀྱང་མཐོ་རིམ་ནས་ཅི་ཞིག་ལག་ལེན་བསྟར་ན་ས་གནས་ཁག་ཏུའང་དེ་ལ་ལད་ཟློས་བྱེད་ཀྱི་འདུག དེ་ནི་རྒྱ་ནག་གི་རིམ་པ་ཁག་གི་ལས་སྣེ་ཚོའི་བསམ་བློའི་འཁྱེར་སོ་རེད། ས་གནས་མང་ཆེ་བས་ལས་གཞི་སྣ་མང་ལ་སྲིད་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར། མཐར་ས་གནས་ཀྱི་གནས་སྟངས་ལ་འཚམས་པ་གལ་གནད་ཆེ་བ་ངོ་ཟིན་པ་རེད། རྒྱ་ནག་གི་དཔལ་འབྱོར་ཁྲོམ་རས་ཁ་ལོ་བསྒྱུར་ཐུབ་པའི་ཁོར་ཡུག་སྤྲོད་དགོས། རྣམ་དཔྱོད་ལྡན་པའི་མ་རྩ་འཛུགས་འཇོག་དང་ཆེད་ལས་པ་ཚོར་དཔལ་འབྱོར་འཛིན་གཉེར་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྐུལ།།

རྒྱ་ནག་གི་ན་གཞོན་ལས་མེད་པ།
རྒྱ་ནག་གི་ན་གཞོན་ལས་མེད་པ།

འདས་པའི་ལོ་མང་རིང་རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་གཉེར། ཡུན་ཐུང་གི་ཁེ་སང་ལ་བལྟས་ཏེ་འཆར་འགོད་ཡག་པོ་མེད་པ་དང་འགྲོ་གྲོན་ཆུད་ཟོས་སུ་སོང་། མཐའ་མཇུག་དམིགས་ཡུལ་ལྟར་འབྲས་བུ་མ་སྨིན། ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད་པའི་རྗེས་སུ་ལས་གཞི་འགོ་བརྩམས་ཡོད་པ་མང་ཆེ་བ་འཕྲོ་ཅན་དུ་ལུས། དཔེར་ན་ཁང་པ་འཛུགས་སྐྲུན་དང་མེ་འཁོར་འབབ་ཚུགས་འཛུགས་སྐྲུན་རྣམས་ཕྱེད་ཀ་ལས་མ་གྲུབ། དགེ་རྒན་དང་ལས་བྱེད་པ་ཚོར་གླ་ཕོགས་སྤྲོད་མ་ཐུབ། སྐྱེལ་འདྲེན་དང་འགྲིམ་འགྲུལ་ཁག་ཅིག་མཚམས་ཆད། ས་གནས་སྲིད་གཞུང་ཁག་ལ་བུ་ལོན་ཅི་ཙམ་ཡོད་མེད་རྩིས་ཁྲའི་ནང་དུ་མ་བཀོད་པར་གསངས། རྒྱ་ནག་གི་ས་གནས་སྲིད་གཞུང་ཕལ་མོ་ཆེར་རྩིས་ཁྲའི་ནང་དུ་མ་འཁོད་པའི་གསང་བའི་བུ་ལོན་ཨ་སྒོར་ཐེར་འབུམ་མང་པོ་ཡོད་པ་འཇལ་མ་ཐུབ་པར་དབུས་གཞུང་གིས་སྐྱོབ་དགོས་པར་གྱུར།།

ཟླ་བ་སྔོན་མར་རྒྱ་ནག་གི་ནོར་སྲིད་བློན་ཆེན་ལཱན་ཧྥོ་ཨན་(Lan Foan)་གྱིས་བཤད་པ་ལྟར་ན། ན་ནིང་ལོ་མཇུག་གི་མཚམས་སུ་རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་ལ་བུ་ལོན་རྒྱ་སྒོར་ཁྲག་ཁྲིག་ཆེན་པོ་༡༤.༣་ཡོད་ཅིང་། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ས་གནས་སྲིད་གཞུང་ཁག་བུ་ལོན་ནང་ནས་ཐར་ཐབས་དང་དཔལ་འབྱོར་སླར་གསོ་འབྱུང་ཐབས་སུ་ལོ་ལྔའི་རིང་རྒྱ་སྒོར་ཁྲག་ཁྲིག་ཆེན་པོ་༦་བསྐྱི་རྒྱུའི་ཐག་བཅད། རྒྱ་ནག་རྒྱལ་ཡོངས་སུ་མེ་འཁོར་ལྕགས་ལམ་དང་མེ་འཁོར་འབབ་ཚུགས་མ་གྲུབ་པར་ལུས་ཡོད་པ་དང་ཁང་པ་འཛུགས་སྐྲུན་ཚར་མེད་པ་དེ་དག་གིས་མ་རྩ་འཛུགས་ཕྱོགས་དང་ལས་གཞི་གཉེར་སྟངས་ཚགས་ཚུད་མེད་པ་མཚོན་ཐུབ། ཧེ་ནན་ཞིང་ཆེན་དུ་མེ་འཁོར་འབབ་ཚུགས་ཤིག་འཛུགས་སྐྲུན་བྱས་པར་ས་གནས་གཞུང་གིས་རྒྱ་སྒོར་བྱེ་བ་༤་འགྲོ་གྲོན་བཏང་ཡང་འབབ་ཚུགས་དེར་ཉི་ལྟར་མི་༡༠༠་ཡང་འགྲོ་མཁན་མེད། མེ་འཁོར་འབབ་ཚུགས་དེ་མུ་མཐུད་དུ་སྒོ་འབྱེད་དགོས་ན་གྱོང་གུད་མ་གཏོགས་ཁེ་སང་མེད་པ་ཐེར་འདོན་བྱས་འདུག

རྒྱ་ནག་གིས་ཕྱིར་ཚོང་བྱེད་བཞིན་པའི་རླངས་འཁོར།
རྒྱ་ནག་གིས་ཕྱིར་ཚོང་བྱེད་བཞིན་པའི་རླངས་འཁོར།

ཁ་སྔོན་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པྲོག་དབྱིབས་ནད་ཡམས་རྗེས་སུ་འཛམ་གླིང་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས་སླར་གསོ་བྱུང་ཡང་རྒྱ་ནག་གི་དཔལ་འབྱོར་སླར་གསོ་མ་ཐུབ་པ་དང་ས་གནས་སྲིད་གཞུང་ཁག་གི་བུ་ལོན་ཆེ་རུ་ཕྱིན་འདུག དེ་ནི་ས་གནས་སྲིད་གཞུང་ཁག་ལ་དཔྱ་ཁྲལ་ཡོང་འབབ་མེད་པ་དང་འགྲོ་གྲོན་ཆེ་བ། ས་གནས་སྲིད་གཞུང་ཁག་གིས་ས་ཆ་བཙོངས་ནས་ཡོང་འབབ་བསྡུས་ཀྱང་ས་ཁང་ཚོང་ལས་རྣམས་མ་རྩ་བརྡིབས་ནས་ཡོང་འབབ་ཆད། ལོ་འདི་ཧྲིལ་པོར་རྒྱ་ནག་དམར་ཤོག་ཚོགས་པས་ཡུན་རིང་གི་དཔལ་འབྱོར་འཕེལ་རྒྱས་ཞེས་བསྒྲགས། ཞིས་ཅིན་ཕིང་གིས་འཕྲལ་དུ་དཔལ་འབྱོར་སླར་གསོ་ཐུབ་པའི་སྲིད་ཇུས་ཤིག་ལག་ལེན་མ་བསྟར། སྲིད་ཇུས་ལེན་བསྟར་པ་རྣམས་ཀྱང་ནུས་ལྡན་ཞིག་མ་འཁྱོངས། རྒྱ་ནག་གཞུང་གིས་༢༠༢༤་ལོར་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༥་འགྲོ་རྒྱུའི་དམིགས་ཚད་བཟུང་བ་གྲུབ་དཀའང་བར་སྣང་།།

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་གའོ་ཧྲན་ཝེན་(Gao Shanwen)་གྱིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་དཔལ་འབྱོར་ཐོན་སྐྱེད་གྱི་རྩ་འབོར་དང་དོན་དངོས་ཀྱི་དཔལ་འབྱོར་ཐོན་སྐྱེད་རྩ་འབོར་གཉིས་ཐ་དད་རེད། པྲོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པའི་དཔལ་འབྱོར་ཐོན་སྐྱེད་ཀྱི་རྩ་འབོར་དེ་ངོ་མ་ཡིན་མི་སྲིད། འདས་པའི་ལོ་གཉིས་གསུམ་ཞིག་ལ་རྒྱ་ནག་གིས་དཔལ་འབྱོར་ཐོན་སྐྱེད་རྩ་འབོར་བརྒྱ་ཆ་༥་ཟིན་ཡོད་ཅེས་བསྒྲགས་ཀྱང་དོན་དངོས་སུ་བརྒྱ་ཆ་༢་ཙམ་ཡིན་ཤས་ཆེ། ངས་སྔོན་དཔག་བྱས་ན་མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་ཀྱི་རྩ་འབོར་བརྒྱ་ཆ་༣་ནས་༤་ཡས་མས་ལས་འཕེལ་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་སྔར་བཞིན་དཔལ་འབྱོར་ཐོན་སྐྱེད་ཀྱི་རྩ་འབོར་བརྒྱ་ཆ་༥་ཟིན་ཡོད་ཟེར་ངེས་རེད་ཅེས་བཤད་འདུག སྔོན་ཆད་གའོ་ཧྲན་ཝེན་གྱིས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་དཔལ་འབྱོར་ལས་རིགས་ཐོག་ཏུ་ལམ་སྟོན་ཞུས།།

རྒྱ་ནག་གི་ནང་ཁུལ་དུ་ཚོང་ལས་ཉམས་རྒུད།
རྒྱ་ནག་གི་ནང་ཁུལ་དུ་ཚོང་ལས་ཉམས་རྒུད།

དཔལ་འབྱོར་རིག་པ་བ་གའོ་ཧྲན་ཝེན་ནས་མ་རྩ་འཛུགས་འཇོག་གི་ཚོགས་འདུ་ཞིག་གི་ཐོག་ཏུ་ཚེ་སྲོག་བྲལ་བའི་རྒྱ་ནག་གི་ན་གཞོན་ཞེས་དཔྱད་རྩོམ་སྤེལ། དཔྱད་རྩོམ་དེའི་ནང་དུ་རྒྱ་ནག་གི་ན་གཞོན་ཚོས་སྐེད་རགས་བསྡམས་ནས་ཐུག་རྐྱང་འཐུང་། གློ་ཟུམ་སྟེ་ལེབ་ཉལ་གྱི་འཚོ་བར་རོལ། རྒྱ་ནག་ལ་ན་གཞོན་ཇེ་ཉུང་དང་རྒན་རྒོན་ཇེ་མང་། ལོ་ན་༤༠་ནས་༥༠་བར་དུ་སོན་པ་རྣམས་འུ་ཐུག་གི་གནས་སུ་ལྷུང་སྟེ་པྲོག་དབྱིབས་ནད་ཡམས་དུས་ཀྱི་དཀའ་ངལ་འོག་ནས་ཐར་དཀའ་བ་ཞིག་ཏུ་གྱུར་འདུག་ཅེས་འཁོད། ད་ལྟ་རྒྱ་ནག་ལ་ཡུལ་ཐང་འཕར་བ་དང་སློབ་ཆེན་ཐོན་པའི་ན་གཞོན་ས་ཡ་མང་པོར་ལས་ཀ་མ་རག རྒྱ་ནག་གིས་ཕྱི་རྒྱལ་ལ་དངོས་ཟོག་བཙོངས་ནས་དཔལ་འབྱོར་སླར་གསོའི་ཐད་དུ་ནུས་པ་ཐོན་ཡང་རྒྱལ་ནང་དུ་མང་ཚོགས་ཀྱིས་དངུལ་སྒོར་འགྲོ་གྲོན་མ་བཏང་བར་ཚོང་ལས་ཉམས། ས་གནས་སྲིད་གཞུང་ཁག་གིས་བུ་ལོན་ལེན་ཆོག་པའི་ཚད་གཞི་མཐོ་རུ་བཏང་ཡང་ཕྱིས་སུ་བུ་ལོན་འཇལ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ།།

དེ་རིང་ཕྱི་ཚེས་༢༣་ཉིན་ཉི་ཧོང་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༤་ལོར་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་ཀྱི་རྩ་འབོར་བརྒྱ་ཆ་༤.༧་ནས་༤.༦་ཙམ་ལས་འཕེལ་རྒྱས་ཕྱིན་མེད་པའི་རྣམ་པ་ཞིག་མངོན། ད་དུང་རྒྱ་ནག་གི་དཔལ་འབྱོར་ལས་རིགས་པྲོག་དབྱིབས་ནད་ཡམས་སྔོན་ལྟར་སླར་གསོ་མ་བྱུང་བར་ཁྱིམ་ཚང་མང་པོར་དཀའ་ངལ་འཕྲད། བཟོ་ཚོང་ལས་ཁུངས་ཁག་དང་ས་གནས་སྲིད་གཞུང་ཁག་གི་བྱུང་སོང་གཉིས་ཁ་མ་མཚུངས། རྒྱ་ནག་དམར་ཤོག་ཚོགས་པས་ཚོང་ལས་ལ་ཐེ་ཇུས་བྱ་རྒྱུ་ཐལ་དྲགས་པ་དང་ས་ཁང་ཚོང་ལས་ཉམས་རྒུད། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་མེད་པ་བཅས་ཀྱིས་དཔལ་འབྱོར་སླར་གསོ་མ་བྱུང་ཞིང་། ༢༠༢༡་ལོར་ཨ་མི་རི་ཀ་ནད་ཡམས་འོག་ནས་ཐར་ཏེ་མང་ཚོགས་ཀྱིས་དངུལ་སྒོར་འགྲོ་གྲོན་བཏང་ཡང་རྒྱ་ནག་མི་དམངས་ཀྱིས་དངུལ་སྒོར་གསོག་ཐབས་སུ་འབད། ༢༠༢༠་ནས་༢༠༢༤་བར་དུ་རྒྱ་ནག་མི་དམངས་ཀྱིས་ཨ་སྒོར་ཐེར་འབུམ་༩་བསགས་ནས་བཞག་སྟེ་འགྲོ་གྲོན་གཏོང་གི་མེད་པའི་གསར་འགྱུར་ཐོན་འདུག

གླེང་སྟེགས།

XS
SM
MD
LG