ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཊམ་གྱིས་ཐེ་ཝན་སྲུང་སྐྱོབ་ཐད་བཤད་པའི་སྐད་ཆ་ཞིས་ཅིན་ཕིང་ལ་དགོས་རྒྱུ་དེ་བྱུང་།


ཐའེ་ཝན་གྱི་སྲུང་དམག་གིས་ཐའེ་པེ་གྲོང་ཁྱེར་ཆིང་ཀའེ་ཤེག་དྲན་གསོ་ཁང་གི་ཕྱི་རོལ་དུ་སྲུང་དམག་བརྗེ་བའི་མཛད་སྒོ།
ཐའེ་ཝན་གྱི་སྲུང་དམག་གིས་ཐའེ་པེ་གྲོང་ཁྱེར་ཆིང་ཀའེ་ཤེག་དྲན་གསོ་ཁང་གི་ཕྱི་རོལ་དུ་སྲུང་དམག་བརྗེ་བའི་མཛད་སྒོ།

༄༅།། ཌོ་ནལ་ཊམ་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ངེས་གཏན་བྱས་མེད་ཅིང་། ཊམ་གྱི་སྐད་ཆ་དེ་དག་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་རྣ་བའི་བདུད་རྩིར་གྱུར་ཀྱང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོར་ཁོང་ཁྲོ་སློང་གཞི་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཕྱི་ཟླ་༧་པའི་ཚེས་༡༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཚེས་༡༧་ཉིན་བྷུ་ལུམ་བྷག་གསར་ཁང་གིས་ཌོ་ནལ་ཊམ་ལ་བཅར་འདྲི་ཞུས་པའི་སྐབས་སུ་ང་ཚོས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་གླ་ཡོན་ལེན་དགོས། ང་ཚོ་ནི་འགན་སྲུང་བཟོ་ཚོང་ལས་ཁུངས་ཁག་དང་ཁྱད་པར་མེད། ཐེ་ཝན་ཨ་རི་ནས་རྒྱང་ཁད་དབྱིན་ལེ་༩༥༠༠་ཙམ་གྱི་ཕ་རོལ་ཏུ་ཆགས་ཡོད་པ་རེད། རྒྱ་ནག་ནས་དབྱིན་ལེ་༦༨་ལས་མི་འདུག རྒྱ་ནག་ས་རྒྱ་ཆེན་པོ་དང་ཐེ་ཝན་ལ་བཙན་འཛུལ་བྱེད་མི་དགོས། རྒྱ་ནག་གིས་དམག་དཔུང་མ་བཏང་བར་འཕུར་མདེལ་འཕངས་ནས་ཐེ་ཝན་ཕམ་ཐུབ། ང་ཚོའི་ཉིང་ཆས་ཀྱི་ཚོང་ལས་ཚང་མ་ཐེ་ཝན་གྱིས་ཁྱེར་བ་རེད་ཅེས་འཁང་ར་རྩིས།།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་བརྡ་ཞིག་བཏང་ཡོད་པ་སྟེ། ཊམ་ནས་སྒོ་ཁྲལ་གྱིས་དོན་དག་གཉིས་སྒྲུབ་ཐུབ། དཔལ་འབྱོར་གྱི་ཆ་ནས་རླབས་ཆེན་ཞིག་རེད། གྲོས་མོལ་གྱི་ཆེད་དུ་ཡག་པོ་ཡིན་ནམ། ང་ལ་མི་སྒེར་པ་དང་རྒྱལ་ཁབ་ཁག་གིས་སྡང་ཟུག་བྱས་ནས་སྒོ་ཁྲལ་སྤར་རྒྱུ་མཚམས་ཞོག་ཅེས་བཤད་མྱོང་ཡོད། ཁོ་ཚོས་ཅི་ཞིག་ཡིན་རུང་བསྒྲུབ་ཀྱི་རེད། དཔལ་འབྱོར་ལ་འབྲེལ་བ་མེད་ཀྱང་ཐམས་ཅད་སྒྲུབ་སྲིད། ང་ཚོས་དཔལ་འབྱོར་གཅིག་པུ་མིན་པར་ཕྱོགས་ཡོངས་ལ་བལྟ་དགོས། དཔེར་ན་དམག་འཁྲུག་མི་སློང་བ་དང་ང་ཚོ་ས་གནས་གཞན་གྱི་དམག་འཁྲུག་ལ་ཞུགས་མི་དགོས་པར་འབྲེལ་བ་ཡོད། ངས་རྒྱ་ནག་གི་ཊིག་ཊོག་བཀོལ་ཆས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོར་འགྲན་ཡ་ཞིག་དགོས་ཞེས་བཀྲལ།།

༡༩༧༩་ནས་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ཀྱང་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལག་བསྟར་ཁྲིམས་ཡིག་གཏན་དུ་ཕབ། རྒྱ་ནག་གིས་བཙན་འཛུལ་བྱུང་ན་ཨ་མི་རི་ཀས་བར་འགོག་བྱ་རྒྱུ་དང་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་དགོས་ཞེས་ཐག་བཅད། ད་ལྟའི་བར་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་རིམ་པ་དང་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་ལག་བསྟར་ཁྲིམས་ཡིག་རྩ་འཛིན་བྱས་མོད། ཌོ་ནལ་ཊམ་གྱིས་བྷུ་ལུམ་བྷག་གསར་ཁང་གི་བཅར་འདྲིའི་དུས་སུ་བཤད་པའི་སྐད་ཆ་དེར་མཉན་ཚེ། ༢༠༢༤་ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཨ་རིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་རྩ་འཛིན་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཌོ་ནལ་ཊམ་གྱི་སྐད་ཆ་དེ་སྲིད་འཛིན་གཞོན་པའི་འོས་མི་ཝན་སིས་རྒྱ་ནག་ཉེན་ཁ་ཆེ་ཤོས་ཡིན་ཞེས་བཤད་པ་དང་རྒྱབ་འགལ་དུ་གྱུར།།

ཨ་རིའི་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་ནང་དུ་ཡོད་པའི་བྷག་ནེལ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་ཀྲུའུ་ཀྲི་ཆུན་(Zhiqun Zhu)་གྱིས་བཤད་པ་ལྟར་ན། དམངས་གཙོ་ཚོགས་པའི་ཚོགས་མི་དང་རང་བཙན་བ་ཚོ་ལས་ཀྱང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་ཞིང་། གལ་སྲིད་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་རིས་དམག་བཏང་སྟེ་རྒྱ་ནག་ལ་འཐབ་འཁྲུག་རྒྱག་དགོས་སམ་ཞེས་དྲིས་ན་ཨ་རི་བ་མང་ཆེ་བ་དེར་མི་འཐད། ཌོ་ནལ་ཊམ་ནི་ཐོག་མ་ནས་ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པ་ཞིག་མ་རེད། ཁོ་པས་སྲིད་དབང་བཟུང་བའི་རིང་དུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་གནས་སྟངས་ལ་བལྟ་ཡི་རེད། ཐེ་ཝན་གྱིས་འཁྲུག་རྩོད་མ་བསླངས་པར་རྒྱ་ནག་གིས་གློ་བུར་དུ་བཙན་འཛུལ་བྱས་ན་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་སྲིད། ཐེ་ཝན་གྱིས་རང་བཙན་གསལ་བསྒྲགས་བྱས་ནས་འཁྲུག་རྩོད་བསླངས་ན་ཨ་མི་རི་ཀས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན།།

ཕྱི་ཟླ་༧་པའི་ཚེས་༡༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་བྱང་ཨ་རིའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་གོ་ཡུག་ཆའོ་ཡིས་ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རང་གི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། ཨ་རི་ནི་ཐེ་ཝན་གྱི་རྒྱབ་སྐྱོར་བ་གཙོ་བོ་དེ་ཡིན། ཐེ་ཝན་གཞུང་གིས་མཚོ་འོག་དམག་གྲུ་བཟོ་སྐྲུན་སོགས་ཚུད་པའི་རྒྱལ་སྲུང་དེང་རབས་ཅན་དུ་བསྒྱུར་རྒྱུ་གཙིགས་སུ་བཟུང་ཡོད་པར་མ་ཟད། ད་ལོའི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢.༥་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད། ཐེ་ཝན་དང་ཨ་རི་གཉིས་ཀྱིས་འཇིག་རྟེན་ཀུན་ཁྱབ་ཀྱི་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་རྣམས་གོང་དུ་བཀུར་ཏེ་གཉིས་ཕན་གྱི་ཚོང་འབྲེལ་བཙུགས་ཡོད། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མ་འོངས་པར་ཡང་ཞི་བདེ་བརྟན་ལྷིང་ཆེད་དུ་འབྲེལ་བ་སྲ་བརྟན་གཏོང་དགོས་ཟེར།།

ཨ་རིའི་ཧ་ཚིན་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མཱ་ཡེལ་སི་ཡུས་
ཨ་རིའི་ཧ་ཚིན་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མཱ་ཡེལ་སི་ཡུས་

ཨ་རིའི་ཧ་ཚིན་ཞིབ་འཇུག་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མཱ་ཡེལ་སི་ཡུས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་མིན་ཟེར་ཡོད་པ་མ་རེད། ཁོ་པའི་སྐད་ཆ་དེར་རྒྱ་ཆེ་ས་ཞིག་ནས་གོ་བ་ལེན་དགོས། ཊམ་གྱིས་ཐེ་ཝན་གཞུང་ནས་ཐུན་མོང་གི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་བཏང་སྟེ་འགན་ཁུར་ཆེ་ཙམ་ལེན་དགོས་ཞེས་བཤད་ཡོད་པ་རེད། ཌོ་ནལ་ཊམ་དང་བྷ་ཌན་གཉིས་མི་འདྲ་སའི་ཁྱད་པར་ནི་སྔ་མ་དེས་དམག་འཁྲུག་འགོག་ཐབས་དང་ཕྱི་མ་དེས་འགོག་ཐབས་དེ་ཙམ་མི་བྱེད། ཐེ་ཝན་མཚོ་འགག་གི་དམག་འཁྲུག་འགོག་རྒྱུ་ནི་ཌོ་ནལ་ཊམ་གྱི་ལས་དོན་གཙོ་གྲས་ཤིག་རེད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རིས་པེ་ཅིང་ལ་འཕུར་མདེལ་བརྒྱབ་ནས་རྒོལ་རྡུང་བྱ་རྒྱུ་ཡིན་ཞེས་ཊམ་གྱིས་བཤད་མྱོང་ཡོད་པ་རེད། ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཨ་རིའི་རྒྱལ་ཡོངས་ཀྱི་གཅིག་མཐུན་སྲིད་ཇུས་ཡིན་པ་དང་དེ་ལ་འགྱུར་བ་གཏོང་དཀའ་ཞེས་ལྟ་ཚུལ་བརྗོད།།

ལོན་ཌོན་སློབ་གྲྭ་ཆེན་མོའི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་སི་ཊིབ་ཙང་(Steve Tsang)་གིས་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཐེ་ཝན་གྱིས་བསྟུན་ཐབས་ཤིག་བཙལ་ནས་འབྲེལ་ལམ་རྙེད་ཀྱི་རེད། ཐེ་ཝན་གྱིས་རང་གི་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀར་གླ་ཡོན་སྤྲོད་དགོས་ཀྱང་སྤྲོད་ཤས་ཆེ། ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དེ་ནོར་མན་ཌིའི་མཚོ་ཁར་དཔུང་བྱས་པ་དང་མི་འདྲ། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་མ་ལོན་པར་མི་དམངས་བཅིངས་འགྲོལ་དམག་ལ་བཙན་འཛུལ་བྱོས་དགོས་ཞེས་བཀའ་གཏོང་མི་ཕོད། ཟླ་ཤས་གོང་དུ་རྒྱ་ནག་གི་མཐོ་རིམ་དམག་དཔོན་ཁག་ཅིག་གནས་དབྱུང་བཏང་བར་གཞིགས་ན་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་མེད་པར་སྣང་ཞེས་བཤད། སྲིད་འཛིན་བྷ་ཌན་གྱིས་ཐེངས་འགའ་ཞིག་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རིས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་མྱོང་།།

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མེཀ་ཀོལ་
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མེཀ་ཀོལ་

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མེཀ་ཀོལ་(Michael McCaul)་གྱིས་ཐེ་ཝན་ནི་ང་ཚོའི་མཐུན་གྲོགས་ཐམས་ཅད་ཀྱིས་མིག་དཔེར་བལྟ་འོས་པ་དེ་ཡིན། ཐེ་ཝན་གྱིས་རང་གི་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀ་ནས་མཚོན་ཆ་ཉོ་མཁན་ཤུགས་ཆེ་ཤོས་དང་གཡོ་བ་མེད་པ་དེ་ཡིན་ཞེས་བསྔགས་བརྗོད་ཞུས། ཟླ་བ་སྔོན་མར་མེཀ་ཀོལ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ཐེ་ཝན་དུ་བསྐྱོད་དེ་ཨ་མི་རི་ཀས་མཚོ་གླིང་དེར་རྒྱབ་སྐྱོར་བྱ་རྒྱུ་ཁག་ཐེག་བྱས། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ར་ཇ་ཀིར་ཤི་ན་མུར་ཐིས་(Raja Krishnamoorthi)་སྲིད་འཛིན་ཟུར་པ་ཊམ་གྱིས་ཐེ་ཝན་བློས་བཏང་སྟེ་སྲིད་དོན་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཡུན་རིང་གི་སྲིད་ཇུས་དེ་འདོར་རྩིས་འདུག ཐེ་ཝན་ནི་འཛམ་གླིང་གི་དམངས་གཙོའི་ཡུལ་ལུང་མཆོག་ཏུ་གྱུར་པ་ཞིག་ཡིན་རུང་རྒྱ་ནག་ལ་སྤྲོད་རྩིས་བྱ་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པ་རེད་ཅེས་སྐྱོན་འཛུགས་བྱས་འདུག

གླེང་སྟེགས།

XS
SM
MD
LG