ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཀྲམ་གྱི་ཐའེ་ཝན་སྐོར་འགྲེལ་བརྗོད་རྗེས་ཐའེ་ལྦན་གྱིས་རང་སྲུང་ཐད་དམ་བཅའ་བརྟན་པོ་ཡིན་ཞེས་བཤད།


རྔམ་སྟོན་ཁྲོམ་སྐོར་བ་ཞིག་གིས་ཐའེ་ཝན་དང་ཨ་རིའི་རྒྱལ་དར་བཟུང་ནས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
རྔམ་སྟོན་ཁྲོམ་སྐོར་བ་ཞིག་གིས་ཐའེ་ཝན་དང་ཨ་རིའི་རྒྱལ་དར་བཟུང་ནས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

རེས་གཟའ་ལྷག་པ་ཉིན་ཨ་རིའི་སྲིད་འཛིན་ཟུར་པ་དང་སྤྱི་འཐུན་ཚོགས་པའི་སྲིད་འཛིན་འོས་མི་ཀྲམ་གྱིས་ཐའེ་ཝན་གྱིས་སོ་སོའི་རྒྱལ་སྲུང་སྐྱོབ་ཆེད་ད་ཡོད་ལས་འགྲོ་གྲོན་ཆེ་བ་གཏོང་དགོས་ཞེས་བཤད་རྗེས་རེས་གཟའ་ཕུར་བུ་ཉིན་ཐེ་པེར་གསར་འགོད་ལྷན་ཚཽགས་ཞིག་སྐོང་ཚོགས་སྐབས་ཐའེ་ལྦན་གྱི་ཕྱི་འབྲེལ་ལྷན་ཁང་ནང་ཡོད་བྱང་ཨ་མི་རི་ཀའི་སྡེ་ཚན་གྱི་འགོ་ཁྲིད་གཞོན་པ་ཀུ་ཡོ ཆའོ་ཡིས་ཐའེ་ལྦན་གྱིས་ད་ལྟ་བར་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཆེད་ནུས་པ་གང་ཡོད་བཏོན་ཡོད་པ་མ་ཟད། ཨ་རིའི་རྒྱབ་སྐྱོར་ལ་བརྟེན་ཏེ་རྒྱལ་སྲུང་ཐད་སྔོན་ལས་འབད་བརྩོན་ཆེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གནས་ཚུལ་ཐོན་པར་གཞིགས་ན་ད་ལྟ་ཐའེ་ལྦན་གྱིས་རྒྱལ་ནང་ལོ་འཁོར་ཆ་སྙོམ་ཐོན་སྐྱེད་ནས་རྒྱ་ཆ་གཉིས་དང་གྲངས་ཆུང་ལྔ་ལྷག་དམག་དོན་དང་འབྲེལ་བའི་རྒྱལ་སྲུང་ཐད་འགྲོ་གྲོན་གཏོང་བཞིན་ཡོད་པ་དེ་ནི་ཐའེ་ཝན་གྱི་ལོ་རྒྱུས་ནང་བྱུང་མྱུང་མེད་པ་ཞིག་རེད།

གནས་ཚུལ་ཐོན་པར་གཞིགས་ན་ཉེ་ཧོང་དང་ལྷོ་ཀོ་རི་ཡ་ནང་བཞིན་ཐའེ་ཝན་དང་ཨ་རིའི་དབར་ཕྱི་འབྲེལ་གྱི་འབྲེལ་ལམ་ད་ལྟ་མེད་ཀྱང་ཨ་རི་ནི་ཐའེ་ཝན་ལ་དེང་དུས་ཀྱི་གོ་ལག་རོགས་སྐྱོར་བྱེད་མཁན་འཛམ་གླིང་ནང་ནས་གཙོ་བོ་དེ་ཡིན་སྟབས་ཐའེ་ཝན་གྱིས་ཨ་རིའི་དེང་དུས་ཀྱི་གོ་ལག་དེ་དག་བེད་སྤྱོད་བཏང་བའི་ཐོག་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་ཚོར་འགྲེལ་བརྗོད་བྱས་འདུག་

སྤྱི་མཐུན་ཚོགས་པ་ཡིན་ཀྱང་རུང་། མང་གཙོ་ཚོགས་པ་ཡིན་ནའང་རེད། ཨ་རིའི་སྲིད་གཞུང་གིས་ཐའེ་ཝན་ཐོག་བཞག་པའི་སྲིད་ཇུས་དེ་དག་ལ་གཞི་བཞག་སྟེ་ཐའེ་ཝན་ལ་རོགས་སྐྱོར་བྱེད་བཞིན་པའི་གོ་ལག་དེ་དག་བེད་སྤྱོད་བཏང་བའི་ཐོག་ནས་ཐའེ་ཝན་རང་ཉིད་ཀྱིས་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་ཆབས་གཅིག མ་འོངས་པར་ད་དུང་ཨ་རི་དང་དེ་མིན་ཐའེ་ཝན་དང་བསམ་ཚུལ་གཅིག་མཚུངས་ཡིན་པའི་ཡུལ་གྲུ་མཉམ་དུ་མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཡོང་རྒྱུར་མུ་མཐུད་མཉམ་ལས་ཀྱི་འབད་རྩོན་བྱེད་ཀྱི་ཡིན་ཅེས་གསུངས་འདུག

སྐུ་ཞབས་ལིན་ཡུ་ཅང་ནི་ད་ལྟའི་ཐའེ་ལྦན་གྱི་གཞུང་འཛིན་དམངས་གཙོ་ཡར་རྒྱས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་པ་དང་། ཁོང་གིས་རྒྱ་ནག་སྐམ་ས་ནི་ཨ་རི་ལ་ཉེན་ཁ་བཟོ་མཁན་ཚབས་ཆེ་ཤོས་དེ་ཡིན་པ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་མོས་མཐུན་གཅིག་མཚུངས་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་ཨ་རི་དང་ཐའེ་ལྦན་གྱི་འབྲེལ་ལམ་དེ་ཡག་ཤོས་དེར་སླེབས་ཡོད་པ་རེད་ཅེས་ཀྱང་གསུངས་འདུག

རྒྱ་ནག་གཞུང་གིས་ཐའེ་ལྦན་ནི་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པ་བརྗོད་དེ་ཉིན་གཅིག་རྒྱ་ནག་སྐམ་ས་དང་གོང་བུ་གཅིག་འགྱུར་བཟོ་རྒྱུ་ཡིན་ལུགས་ཀྱི་་དྲག་པོའི་སྡིག་ར་བསྐུལ་མུས་ཡིན་རུང་ཐའེ་ལྦན་གྱིས་ངོས་ལེན་ནམ་ཡང་བྱེད་ཀྱི་མེད་པ་མ་ཟད། རེས་གཟའ་ཕུར་བུ་ཉིན་ཀུ་ཡོ་ཅིའོས་ཨ་རིའི་གཞུང་དམངས་གཉིས་ཀས་ཐའེ་ལྦན་ལ་རྒྱབ་སྐྱོར་མུ་མཐུད་གནང་གི་ཡོད་པ་དང་། དེ་ཡང་ཨ་རི་དང་ཐའེ་ཝན་གཉིས་ནི་དམངས་གཙོ་དང་རང་དབང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སྲུང་སྐྱོབ་བྱེད་མཁན་གཅིག་མཚུངས་ཡིན་པའི་ཐོག་ཕྱོགས་གཉིས་བར་དཔའ་འབྱོར་ཐོག་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་རེད་ཅེས་གསུངས་འདུག

རུ་ཀྲར་གསར་སྤེལ་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་གསར་འགྱུར་ནས་བཏུས།

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲྲཱི།

གླེང་སྟེགས།

XS
SM
MD
LG