ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཌོ་ནལྜ་ཀྲམ་གྱིས་ཨ་རི་བའི་རེ་བའི་རྨི་ལམ་བསྐྱར་གསོ་བྱ་རྒྱུའི་ཁས་ལེན་བྱས་ཏེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ངོས་ལེན་བྱས།


སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྟེ། སྲིད་འཛིན་ཟུར་པ་ཌོ་ནལ་ཊོ་རན་ཧྥི་དང་མེ་ལེ་ཎི་ཡ།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྟེ། སྲིད་འཛིན་ཟུར་པ་ཌོ་ནལ་ཊོ་རན་ཧྥི་དང་མེ་ལེ་ཎི་ཡ།

སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱིས་ཉིན་ལྔའི་གོང་ཁོང་བཀྲོངས་ཐབས་བྱས་པའི་དོན་རྐྱེན་སྐབས་ཀྱི་གནས་ཚུལ་རྣམས་དྲན་གསོ་བྱས་པ་དང་ཆབས་ཅིག སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ནས་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་རྒྱལ་ཁའི་གྲུབ་འབྲས་ཚད་མཐོ་ཡོང་བ་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་བྱས་འདུག དེ་ཡང་རེས་གཟའ་ཕུར་བུའི་མཚན་ལ་མིལ་ཝ་ཀིའི་ནང་སྤྱི་འཐུན་ཚོགས་པའི་འཐུས་མི་རྒྱས་འཛོམས་ཀྱི་ཉིན་མཐའ་མར་ཨ་རི་བའི་རྨི་ལམ་བསྐྱར་གསོ་དང་ཨ་རིའི་རྒྱལ་ཁབ་འདི་སླར་ཡང་སྟོབས་ཆེན་བཟོ་རྒྱུའི་ཁས་ལེན་བྱས་འདུག སྲིད་འཛིན་ཟུར་པ་ཀྲམ་གྱིས་ང་ཚོར་རྒྱལ་ཁ་ཆེན་པོ་ཐོབ་ནས་ཨ་རིའི་ལོ་རྒྱུས་ནང་མ་བྱུང་བའི་མ་འོངས་ལོ་བཞི་འགོ་འཛུགས་བྱེད་ཀྱི་ཡིན་ཞེས་བཤད།

ཀྲམ་གྱི་གཏམ་བཤད་དེ་བདེ་འཇགས་མི་སྣ་ཚོས་ཁོང་གི་སྐུ་སྲོག་སྐྱོབ་ཐབས་ཀྱི་སྙིང་སྟོབས་དང་བློས་བཏང་ལ་བསྔགས་བརྗོད་བྱས་པ་དང་ཆབས་ཅིག ཚེ་སྲོག་ལ་ཉེན་ཁ་མ་བྱུང་བ་དེ་དཀོན་མཆོག་གི་བཀྲིན་ལ་བརྟེན་ནས་ཡིན་ཞེས་སོགས་ཀྱིས་འགོ་འཛུགས་བྱས་ནའང་། རིམ་བཞིན་འཆར་ཅན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སྲིད་འཛིན་ལས་བྷའི་ཌན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་། ཀྲམ་སྲིད་གཞུང་སྐབས་དཔལ་འབྱོར་དང་ཕྱི་མི་གཞིས་ཆགས་ཀྱི་གནས་སྟངས། དངོས་ཟོག་རིན་ཐང་ཚོད་འཛིན་བྱས་པ་སོགས་གང་ཅིར་གྲུབ་འབྲས་བྱུང་ལུགས་རྒྱུན་རིང་བཤད་ཅིང་། གལ་སྲིད་ཀྲམ་སྲིད་འཛིན་ཡིན་ན་ཨུ་རུ་སུ་དང་ཡུ་ཀེ་རན་གྱི་དམག་འཐབ་ཡོང་རྒྱུ་མིན་པ་དང་། ཨིས་རལ་ལ་དྲག་རྒོལ་བྱུང་ནས་ད་ལྟ་དམག་འཐབ་བྱེད་བཞིན་དེ་གཏན་ནས་ཡོང་གི་མ་རེད་ཅེས་བཤད་ནའང་། དམག་འཐབ་དེ་དག་མི་ཡོང་བར་འགོག་ཐབས་ཀྱི་ཐབས་ཇུས་གང་ཡིན་ཚིག་གང་གསུངས་མེད།

ཀྲམ་གྱི་གཏམ་བཤད་ནང་མང་གཙོ་ཚོགས་པས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འགྲོ་སྟངས་མེད་པར་བཟོས་ནས་ཁོང་རང་ཉིད་ལ་ཉེས་མེད་ནག་འཛུགས་མང་པོ་བྱས་ལུགས་དང་། མང་གཙོ་ཚོགས་པས་བྱེད་སྟངས་དེས་ཨ་རིའི་མང་གཙོའི་ལམ་ལུགས་རྩ་མེད་བཟོ་ཐབས་བྱས་པ་རེད་ཅེས་སྐྱོན་འཛུགས་བྱས་འདུག་པ་མ་ཟད། ༢༠༢༠ སྲིད་འཛིན་འོས་བསྡུའི་ནང་ཕམ་ཉེས་བྱུང་བ་དེ་མང་གཙོ་ཚོགས་པས་མགོ་སྐོར་སླུ་བྲིད་བྱས་པ་རེད་སྐྱོན་འཛུགས་བྱས་འདུག

སྲིད་འཛིན་ཟུར་པ་ཀྲམ་གྱིས་སྲིད་འཛིན་བྷའི་དན་གྱིས་ཨ་རིའི་ལྷོ་ཕྱོགས་ས་མཚམས་ནས་ཕྱི་མི་བཙན་འཛུལ་ཤུགས་ཆེར་བྱེད་འཇུག་ནས་དམག་ཆེན་གཉིས་པའི་དུས་ཚོད་ལ་ཁྲིད་ནས་རྒྱལ་ཁབ་ལ་ཉམས་རྒུད་བཏང་སོང་ཞེས་བཤད།

ཚུད་གཅིག་དང་ཕྱེད་ཀ་ཙམ་གྱི་གཏམ་བཤད་བྱས་པ་དེའི་ནང་སྲིད་འཛིན་ཟུར་པ་ཀྲམ་གྱིས་ནང་དོན་ཚང་མ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་དང་ཕྱོགས་མཚུངས་པར་སྲིད་འཛིན་བྷའི་ཌན་གྱིས་ལས་ཡུན་རིང་ལས་དོན་ལ་གྲུབ་འབྲས་མེད་ལུགས་བཤད་པ་མ་ཟད། ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་གྲུབ་འབྲས་སྐྱོ་ཤོས་བཅུ་བགྲངས་པ་ཡིན་ན་དེའི་ནང་སྐྱོ་ཤོས་དེ་བྷའི་ཌན་རེད་ཅེས་བཤད་འདུག

གསུངས་བཤད་དེ་མ་གནང་གོང་སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོས་ད་རིང་གི་གཏམ་བཤད་དེ་ཆབ་སྲིད་ཀྱི་ཁ་གཏད་ཚོར་སྐྱོན་བརྗོད་མིན་པར་གཙོ་བོར་མ་འོངས་པའི་ལོ་བཞིའི་རིང་ལས་འཆར་ངོ་སྤྲོད་བྱེད་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་ཡོད་ནའང་། དངོས་གཞིའི་གཏམ་བཤད་ནང་ཆབ་སྲིད་ཁ་གཏད་ཚོར་སྐྱོན་འཛུགས་བྱས་པ་དེས་ཨ་རིའི་འོས་འཕེན་མཁན་མི་མང་གི་སེམས་འགུག་ཐུབ་པའི་གཏམ་བཤད་གཅིག་བྱེད་ཐུབ་མ་སོང་ཞེས་སྲིད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱས་འདུག

ཨེ་པི་དང་ཨེ་ཨེཕ་པི་གསར་ཁང་དང་ཐད་གཏོང་ནས་བཏུས།

གསར་འགོད་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG