ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨི་རན་གཞུང་གིས་ཌོ་ནལ་ཊམ་དགྲོང་རྒྱུའི་ངན་ཇུས་བཤམས་འདུག་ཟེར།


སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འོས་བསྡུའི་འདུ་འཛོམས་ཤིག་ལ་ཕེབས།
སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འོས་བསྡུའི་འདུ་འཛོམས་ཤིག་ལ་ཕེབས།

༄༅།། ཉེ་ཆར་ཨ་རིའི་གསང་བའི་ལས་ཁུངས་ཁག་ལ་ཨི་རན་གྱིས་ཌོ་ནལ་ཊམ་གསོད་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་འགའ་ཞིག་འབྱོར། དེ་ནི་གཟའ་སྤེན་པའི་ཉིན་ཨ་རི་བ་ཕོ་གསར་ཞིག་གིས་ཌོ་ནལ་ཊམ་ལ་མེ་མདའ་བརྒྱབ་ནས་འགྲོང་ཐབས་བྱས་པར་འབྲེལ་བ་མེད་པའི་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་༧་པའི་ཚེས་༡༦་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཨི་རན་གྱིས་ཌོ་ནལ་ཊམ་འགྲོང་རྩིས་བྱེད་ཀྱི་ཡོད་པ་ཇི་ལྟར་ཤེས་རྟོགས་བྱུང་མིན་དང་གསང་བའི་གནས་ཚུལ་གྱི་འབྱུང་ཁུངས་སོགས་ཕྱིར་བསྒྲགས་བྱས་མེད་ཅིང་། ཨ་རིའི་གསང་བའི་ལས་ཁུངས་ཁག་ལ་འབྱོར་བའི་གནས་ཚུལ་དེར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་པའི་རྗེས་སུ་ཨི་རན་གྱིས་ངན་ཇུས་གཤོམ་གྱི་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་བཀྲལ།།

ཨི་རན་གྱིས་ཨ་རི་བ་ཚོ་གསོད་ཐབས་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཟུར་པ་ཞིག་སླར་ཡང་འོས་བསྡུར་འགྲན་ཞུགས་བྱེད་ཀྱི་ཡོད་པ་གསོད་ཕོད་དམ། གལ་སྲིད་ཨི་རན་གྱིས་ཨ་རིའི་སྲིད་འཛིན་ཟུར་པ་ཞིག་བཀྲོངས་ན་དམག་འཁྲུག་ལང་རྒྱུ་ལྡོག་ཏུ་མེད། ཨ་རིའི་རྒྱལ་ཡོངས་བདེ་སྲུང་ཁང་གི་མགྲིན་ཚབ་པ་ཝ་ཊི་སན་(Adrienne Watson)་གྱིས་ང་ཚོས་ལན་མང་བཤད་པ་ལྟར་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨི་རན་གྱི་ཉེན་ཁ་ཡོད་པར་དོ་སྣང་བྱེད་བཞིན་ཡོད། ཁཱ་སིམ་སུ་ལེ་མ་ཎི་བསད་པའི་གཞུག་ཏུ་ཨི་རན་གྱིས་ཌོ་ནལ་ཊམ་བསད་ནས་དགྲ་ཤ་ལེན་དགོས་བསམས་ཡོད་པ་རེད། རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གིས་གནད་དོན་འདི་ཛ་དྲག་ཅིག་ཏུ་རྩི་བཞིན་ཡོད། ད་སྔ་ཨི་རན་དང་ཁ་སྔོན་གཟའ་སྤེན་པའི་ཉིན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འགྲོང་ཐབས་བྱས་པ་གཉིས་འབྲེལ་བ་ཡོད་པའི་དཔང་རྟགས་རྙེད་མ་སོང་ཞེས་བསྟན།།

ཕྱི་ཟླ་༧་པའི་ཚེས་༡༦་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་རན་གཞུང་གིས་ང་ཚོས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལྐོག་གསོད་བྱ་རྒྱུའི་ངན་ཇུས་བཤམས་མྱོང་མེད། ཌོ་ནལ་ཊམ་གསོད་རྒྱུའི་ངན་ཇུས་བཤམས་པ་རེད་ཟེར་བ་དེ་དག་ལ་ཨི་རན་འབྲེལ་བ་གཏན་ནས་མེད། ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཨི་རན་ནག་པོ་བཟོ་ཐབས་སུ་དཀྲོག་གཏམ་སྤེལ་གྱི་རེད་ཅེས་ལན་བཏབ། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨི་རན་གྱི་སྐུ་ཚབ་གཅོད་ཁང་གིས་སྐྱོན་འཛུགས་དེ་རྣམས་ཁུངས་ལུང་མེད་པ་དང་གནག་སེམས་ཀྱི་སྐད་ཆ་ཞིག་རེད། ཨི་རན་ཁ་ཆེ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཌོ་ནལ་ཊམ་ནི་ཉེས་ཅན་ཞིག་དང་ངེས་པར་དུ་ཁྲིམས་ལ་སྦྱོར་དགོས་པ་ཞིག་ཏུ་བརྩིས་ཡོད། ཁོ་པས་ཨི་རན་གྱི་དམག་སྤྱི་སོ་ལེ་མ་ཎི་གསོད་དགོས་པའི་བཀའ་ཕབ་པ་རེད། ཨི་རན་གྱིས་ཁྲིམས་ལུགས་བརྒྱུད་ནས་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་རྒྱུའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཨི་རན་གྱི་དམག་སྤྱི་སོ་ལེ་མ་ཎི་དང་ཨི་རག་གི་དམག་དཔོན་ཨ་བྷུ་མྷ་དི་ཨལ་མུ་ཧན་དི་སི་
ཨི་རན་གྱི་དམག་སྤྱི་སོ་ལེ་མ་ཎི་དང་ཨི་རག་གི་དམག་དཔོན་ཨ་བྷུ་མྷ་དི་ཨལ་མུ་ཧན་དི་སི་

༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཨི་རན་གྱི་དམག་སྤྱི་སོ་ལེ་མ་ཎི་དང་ཨི་རག་གི་དམག་དཔོན་ཨ་བྷུ་མྷ་དི་ཨལ་མུ་ཧན་དི་སི་སོགས་བྷག་དྷ་དཱ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བའི་དུས་སུ་སྲིད་འཛིན་ཊམ་གྱིས་དེ་དག་གསོད་དགོས་པའི་ཐག་བཅད། ཨ་རིའི་དམག་གིས་འཕུར་མདེལ་འཕངས་ནས་གནམ་གྲུ་གཏོར་ཏེ་ཨི་རན་གྱི་དམག་སྤྱི་སུ་ལེ་མ་ཎི་སོགས་བསད། ལོ་དེའི་ཕྱི་ཟླ་༦་པའི་ནང་ཨི་རན་གྱི་ཁྲིམས་ཁང་ཞིག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་སོགས་མི་བསད་པ་དང་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་ལ་སྦྱོར་དགོས་ཞེས་ཁྲིམས་ཐག་བཅད། ཕྱི་ལོ་དེར་ཨི་རག་གི་ཁྲིམས་ཁང་ཞིག་གིས་ཀྱང་ཌོ་ནལ་ཊམ་སོགས་འཛིན་བཟུང་བྱ་དགོས་ཞེས་བཅད་ཁྲ་བསྒྲགས། ཨི་རན་གྱི་གསར་འགྱུར་ལས་ཁང་ཁག་གིས་སྐབས་འགར་ཌོ་ནལ་ཊམ་གྱི་མགོ་པར་མེ་མདའི་རྒྱང་ཤེལ་ནང་དུ་དམིགས་འབེན་ལ་བཟུང་ཡོད་པའི་འདྲ་པར་བཀྲམ།།

ཨ་རིའི་གཞུང་འབྲེལ་མི་སྣ་འགའ་ཞིག་གིས་གསང་བའི་སྐུ་སྲུང་བ་ཚོར་མི་དང་མཐུན་རྐྱེན་གཉིས་ཀ་མང་དུ་བཏང་ཡོད་ཅེས་བཤད་ཀྱང་མི་དང་མཐུན་རྐྱེན་ཅི་ཞིག་སྦྱར་ཡོད་མེད་གསལ་བཀྲོལ་མ་བྱུང་། པེན་སི་ཝེ་ཎི་ཡ་མངའ་སྡེའི་བྷ་ཊི་ལར་ས་གནས་སུ་ཌོ་ནལ་ཊམ་ལ་མེ་མདའ་བརྒྱབ་ནས་བཟུང་། ཨ་རིའི་གསང་བའི་སྐུ་སྲུང་བ་ཚོས་སྲིད་འཛིན་བྷ་ཌན་དང་ཌོ་ནལ་ཊམ། སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འཚོགས་ཡུལ་བཅས་ཀྱི་སྲུང་སྐྱོབ་དམ་དུ་བཏང་ཞིང་། ཨི་རན་གྱི་ཉེན་ཁ་ཡོད་པ་ཤེས་བཞིན་དུ་གསང་བའི་སྐུ་སྲུང་བ་ཚོས་པེན་སིལ་ཝེ་ཎི་ཡའི་མི་དེ་ཌོ་ནལ་ཊམ་གྱི་ཉེ་འཁྲིས་སུ་བཅར་བཅུག་པར་སྐྱོན་བརྗོད་དྲག་པོ་ཕོག ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མང་ཚོགས་ཀྱི་གྲས་སུ་གསང་བའི་སྐུ་སྲུང་ལས་ཁུངས་ཀྱི་འགོ་ཁྲིད་གནས་དབྱུང་གཏོང་དགོས་ཞེས་སྐད་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་གསང་བའི་སྐུ་སྲུང་ལས་ཁུངས་ཀྱི་འབྲེལ་མཐུད་འགན་འཛིན་(Anthony Guglielmi)་གུ་ག་ལི་ཡ་མཱི་ལ་བཅར་འདྲི་ཞུས་པ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ཁག་དང་གསང་བའི་སྐུ་སྲུང་ལས་ཁུངས་ལ་རྟག་ཏུ་གནས་ཚུལ་མང་པོ་འབྱོར་གྱི་ཡོད་ཀྱང་གསང་བའི་གནས་ཚུལ་འབྱོར་ཚད་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་དགོས་ན་མི་དང་འགྲོ་གྲོན་གྱིས་ཨར་མི་བརྟེན། ཨ་རིའི་གསང་བའི་སྐུ་སྲུང་བ་ཚོས་ཉེན་ཁ་དེ་ཚོར་གཟབ་ནན་དང་གདོང་ལེན་གང་ཐུབ་བྱེད་ཀྱི་ཡོད། ང་ཚོས་གསང་བའི་གནས་ཚུལ་རེ་རེ་བཞིན་ཞིབ་འགྲེལ་རྒྱག་ཐུབ་ཀྱི་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག དམག་སྤྱི་སོ་ལེ་མ་ཎི་བསད་ནས་ལོ་༣་འཁོར་བའི་དུས་དྲན་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨི་རན་གྱིས་མུ་མཐུད་དུ་ཨ་མི་རི་ཀའི་སྤྱི་དམངས་དང་གཞུང་འབྲེལ་མི་སྣ་ལས་ཐོག་ལས་ཟུར་རྣམས་གསོད་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པའི་སྙན་ཐོ་བཏོན།།

ཕྱི་ཟླ་༧་པའི་ཚེས་༡༦་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་ཁ་ཆེའི་འགོ་ཁྲིད་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གསོད་གྲབས་བྱུང་བར་འགྲེལ་བཤད་ལེགས་ཉེས་གང་ཡང་མ་བརྒྱབ་མོད། འོན་ཀྱང་ཨི་རན་གྱི་གསར་འགྱུར་ལས་ཁང་ཁག་གིས་ཌོ་ནལ་ཊམ་ལ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དུས་སུ་མདེའུ་ཕོག་སྟེ་འགྲམ་སྟེང་དུ་ཁྲག་འབབ་ཀྱི་ཡོད་པ་སོགས་ཀྱི་གསར་འགྱུར་དང་བརྙན་པར་ཞིབ་ཕྲ་བཀོད། ༢༠༢༣་ལོའི་ཕྱི་ཟླ་༢་པའི་ནང་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་སྤྱི་ཁྱབ་ཨ་མིར་ཨ་ལི་ཧ་ཇཱི་ཛ་དཱེས་(Amir Ali Hajizadeh)་ཌོ་ནལ་ཊམ་བསད་ནས་དམག་སྤྱི་སོ་ལེ་མ་ཎི་ལ་དགྲ་ཤ་ལེན་ཐབས་བྱ་རྒྱུ་ཡིན་ཞེས་ཁ་གསངས། སི་ཨེན་ཨེན་དང་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར། ནེའུ་ཡོཀ་དུས་བབ་ཚགས་པར་བཅས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ཁག་ལུང་འདྲེན་བྱས་ནས་ཨི་རན་གྱིས་ཌོ་ནལ་ཊམ་འགྲོང་ཐབས་བྱེད་ཀྱི་ཡོད་པའི་གསར་འགྱུར་སྤེལ་འདུག

གླེང་སྟེགས།

XS
SM
MD
LG