ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ལ་དྭགས་སུ་ཁ་བ་དང་ཆར་པ་བབས་ནས་ཁང་རྙིང་ཞིག་ལ་བརྡིབས་སྐྱོན་བྱུང་། 


༄༅།། ལ་དྭགས་སུ་ནམ་ཟླའི་དུས་སྐབས་དང་མི་མཐུན་པའི་ཁ་བ་བབས་པ་དང་ཆར་ཞོད་བྱུང་སྟེ་ལོ་༤༥༠་ཕྱིན་པའི་ཁང་ཆེན་རྙིང་པ་ཞིག་བརྡིབས་ཤིང་། ཕྱི་ཟླ་༧་པའི་ཚེས་༡༠་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ས་གནས་མང་པོར་ཁ་བ་བབས་ཏེ་ཆར་ཞོད་ཆེན་པོ་བྱུང་བས་རྒྱ་གར་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་ལ་དྭགས་སུ་ཆུ་ལོག་བརྒྱུག་རྒྱུའི་ཉེན་བརྡ་བཏང་འདུག བླ་མ་གཡུ་རུ་ས་གནས་སུ་ཆར་ཆུ་ཤུགས་ཆེ་དྲགས་ཏེ་རི་ཉིལ་བ་དང་སི་རི་ན་གྷར་གཞུང་ལམ་ཆེན་མོ་བཀག རྒྱ་གར་གྱི་དམག་དོན་ལ་གནད་འགག་ཆེ་བའི་གླེ་ནས་མཁར་དཀྱིལ་བར་གྱི་རྒྱ་ལམ་ཡང་རེ་ཞིག་སྒོ་རྒྱག་དགོས་པར་གྱུར། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་འདས་པའི་ཉི་མ་གཉིས་ལ་གླེ་དང་མཁར་དཀྱིལ་གྱི་མཐོ་ས་ཁག་ཏུ་ཁ་བ་བབས་པའི་རྗེས་སུ་ཆར་པ་བབས། མཁར་དཀྱིལ་གྱི་རང་འདུན་གྲོང་ཚོར་ཁ་བ་སོར་གསུམ་བབས་འདུག དེ་བཞིན་པན་སི་ལ་དང་ཟངས་དཀར་གྱི་མགོ་རི་རྣམས་ཀྱང་ཁ་བ་གཡོགས་ཏེ་དཀར་སངས་སེ་གྱུར་འདུག་ཅེས་གནས་ཚུལ་སྤེལ།།

ལ་དྭགས་ལ་ཁ་བ་དང་ཆར་པ་བབས་པའི་རྗེས་སུ་འགྲིམ་འགྲུལ་བདེ་འཇགས་མེད་པར་མཁར་དཀྱིལ་དང་ཟངས་དཀར་གྱི་རྒྱལ་ལམ་དེའི་འགྲིམ་འགྲུལ་མཚམས་བཞག ད་ལྟ་རྒྱ་གར་གྱི་དམག་དང་ལམ་བཟོ་བ་ཚོས་བླ་མ་གཡུ་རུ་ས་གནས་སུ་གླེ་དང་མཁར་དཀྱིལ་བར་གྱི་རྒྱ་ལམ་འགགས་ཡོད་པ་དེའི་སྟེང་གི་ས་རྡོ་དང་འདམ་ཉོག་རྣམས་བཤངས་ཐབས་བྱེད་ཀྱི་ཡོད་ཅིང་། ཁ་སང་གཟའ་ཉི་མའི་ཕྱི་དྲོ་བར་དུ་ཁ་བ་དང་ཆར་པ་སྤེལ་མར་བབས་ཏེ་ལ་དྭགས་ཀྱི་གནམ་གཤིས་ནི་ངེས་པ་མེད་པར་འགྱུར་ལྡོག་ཆེ་བ། མི་དམངས་ལ་རི་ཉིལ་ས་དང་ཁང་རྙིང་བརྟན་པོ་མེད་ས་ཁག་ཏུ་འགྲོ་རྒྱུ་གཡོལ་དགོས། ལ་དྭགས་ཀྱི་ས་གནས་ཁག་ཏུ་ཆུ་བོ་རྣམས་བྲུག་ཡོད་པས་ཆུ་ལོག་གི་ཉེན་ཁ་འབྱུང་སྲིད་ཅེས་བསྒྲགས། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་ལ་དྭགས་སུ་ཕྱི་ཟླ་༧་པའི་ཚེས་༡༠་ནས་༡༤་བར་དུ་གནམ་ངོ་ཐང་རྒྱུའི་སྔོན་བརྡ་བཏང་འདུག ཆར་ཞོད་དང་ས་རུད་བྱུང་སྟེ་ལ་དྭགས་སུ་མི་༡་དང་ཇམ་མུ་དང་ཀསྨིར་ས་གནས་སུ་མི་༨་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༠་ཉིན་རྒྱ་གར་གྱི་ཨེ་ཤི་ཡའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཕྱི་དྲོར་ཆར་ཤུགས་ཆེ་དྲགས་ཏེ་ལ་དྭགས་ཀྱི་རྒྱལ་ས་གླེའི་མཁར་ཡོག་ས་གནས་སུ་ལོ་༤༥༠་ཕྱིན་པའི་ཁང་ཆེན་རྙིང་པ་ཞིག་བརྡིབས་ཀྱང་མི་ལ་ཉེ་ཞོ་མ་བྱུང་། ཧེ་ཌར་ཞེས་པའི་ས་གནས་ཀྱི་ཡུལ་མི་ཞིག་ནས་རྒྱ་གར་གྱི་ཨེ་ཤི་ཡའི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ཁང་རྙིང་དེ་ལོ་༤༥༠་ཡས་མས་ཤིག་ཕྱིན་ཡོད་པ་འདྲ། ཆར་ཞོད་ཆེ་དྲགས་ནས་ཁང་རྙིང་དེ་བརྡིབས་པ་རེད། ས་གནས་དེའི་ཁང་རྙིང་གཞན་ཁག་ཅིག་ལའང་ཐིགས་བརྒྱབ་སྟེ་གནོད་སྐྱོན་ཕོག་འདུག གླེ་རུ་ཆུ་ཚོད་དགུའི་ནང་དུ་ཆར་ཆུ་མཱི་ལི་མཱི་ཊར་༡༤.༥་བབས་སོང་། ཁང་པའི་ནང་དུ་ཐིགས་པ་བརྒྱབ་པ་དང་༢༠༡༠་ལོར་ལ་དྭགས་སུ་ཆར་ཞོད་ཆེན་པོ་བྱུང་ཡང་ཚབས་ཆེན་འདི་འདྲ་ཞིག་བྱུང་མ་སོང་། ད་ཐེངས་ཁང་ཆེན་རྙིང་པ་མང་ཆེ་བ་བརྡིབས་འདུག་ཅེས་བཀྲལ།།

ཕྱི་ཟླ་༧་པའི་ཚེས་༡༠་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་མ་ན་ལི་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་བསྐྱོད་པའི་གཞུང་ལམ་ཆུ་ལོག་གིས་བསྣུབས་ནས་གར་ཞ་དང་སྤི་ཏི་སོགས་ལ་བསྐྱོད་པའི་རྒྱལ་ལམ་འགགས། རྒྱ་གར་གྱིས་གལ་ཆེའི་གཞུང་ལམ་དེ་ཞིག་གསོ་ཐུབ་པར་དུས་ཡུན་གང་འཚམ་ཞིག་འགོ་རྒྱུ་ཡིན་ཞིང་། ཁུལ་དེའི་ཆུ་བོ་རྣམས་བྲུག་ཡོད་པའི་སྟབས་ཀྱིས་གར་ཞ་དང་སྤི་ཏི་ཕྱོགས་སུ་བསྐྱོད་པའི་རྒྱ་ལམ་བཀག་པ་དང་ཉེན་རྟོག་པས་ས་གནས་དེ་དག་གི་ཡུལ་མི་ཚོ་དགོས་ངེས་མིན་ན་རང་ཁྱིམ་དུ་འཛུལ་ཏེ་ཕྱི་རུ་མ་བུད་ཅེས་བཀོད་ཁྱབ་བཏང་འདུག མ་ན་ལི་དང་གླེའི་བར་གྱི་རྒྱ་ལམ་ནི་རྒྱ་གར་གྱི་དམག་དོན་དང་སྐྱེལ་འདྲེན། འགྲིམ་འགྲུལ་བཅས་ཀྱི་རྒྱ་ལམ་ཉག་གཅིག་ཡིན་འདུག ད་ལྟ་རྒྱ་ལམ་ཁག་ཅིག་ཆུ་ལོག་གིས་བསྣུབས་ཡོད་པས་སྐབས་ཤིག་གི་རིང་ལ་དྭགས་ཀྱི་ས་ཐོག་ཏུ་བཀྲམ་ཡོད་པའི་རྒྱ་གར་བའི་དམག་དཔུང་ལ་མཁའ་ལམ་འབའ་ཞིག་བརྒྱུད་ནས་མཁོ་ཆས་སྐྱེལ་འདྲེན་བྱ་དགོས་པར་འགྱུར་རྒྱུ་ཡིན་འདུག

གར་ཞ་སྤི་ཏི་རྫོང་གི་ཉེན་རྟོག་པའི་འགོ་ཁྲིད་ཀྱིས་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་༢༠༠་ཚུད་པའི་མི་༣༠༠་ལྷག་ཆན་ཌེར་ཏལ་ས་གནས་སུ་ལུས་ཡོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་དེ་དག་གི་བཟའ་མི་ཚོར་འབྲེལ་བ་བྱས་ནས་གཉེན་ཚན་རྣམས་བདེ་ཐང་ཡིན་པའི་བརྡ་བརྒྱབ་ཟིན། མ་ན་ལི་དང་གླེའི་རྒྱ་ལམ་སྟེང་དུ་ཡུལ་སྐོར་སྤྲོ་འཆམ་པ་༢༠༠་ལྷག་འགགས་ཡོད་པ་དེ་དག་གི་གྲས་སུ་ཀུ་ལུ་ས་གནས་ཀྱི་སློབ་གྲྭ་ཞིག་གི་དགེ་ལས་དང་སློབ་ཕྲུག་བཅས་མི་༥༥་འདུས། གྷོ་ཤལ་གྲོང་གསེབ་ཀྱི་ཁྱིམ་ཚང་ཁག་གིས་འགྲུལ་པ་ཁག་ཅིག་ལ་གནས་ཚང་གཡར། གྲོང་གསེབ་པ་ཚོས་བཏུབ་སྤྱི་གླིང་དགོན་པའི་ནང་དུ་ཆར་གཡོལ་ལ་བསླེབས་པའི་མི་ཚོར་བཟའ་བཏུང་བྱིན་ནས་ལྟ་སྐྱོང་བྱས་ཤིང་། གསེར་ཆུ་ཁར་ཁ་བ་དང་ཆར་པ་གཉིས་སྤེལ་མར་འབབ་ཀྱི་ཡོད་པས་བྷ་ར་ལ་ཆ་ལ་འགགས་ནས་འགྲིམ་འགྲུལ་མ་ཐར། གསེར་ཆུ་ཁའི་ཉེན་རྟོག་པ་ཚོས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཟས་གོས་གནས་མལ་བྱིན་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། དུས་རྒྱུན་ལ་དྭགས་ལ་ཆར་ཞོད་དཀོན་པ་དང་ས་ཆ་སྐམ་པོ་ཡིན་མོད། ད་ལོ་ཕྱི་ཟླ་༧་པའི་ཚེས་༨་དང་༩་གཉིས་ལ་ལ་དྭགས་སུ་ལོ་རེར་འབབ་ཀྱི་ཡོད་པའི་ཆར་ཆུ་དེའི་བརྒྱ་ཆ་༡༠༠༠༠་ལྷག་བབས་ཏེ་ས་དང་རི། བྲག་རྡོ་རྣམས་ཉིལ་ནས་རྒྱ་ལམ་བཀག་པ་དང་གནམ་གཤིས་འགྱུར་ལྡོག་ཆེན་པོ་ཐེབས་ཡོད་པའི་རྣམ་པ་ཐོན། ལ་དྭགས་ཀྱི་རྒྱལ་ས་གླེ་རུ་གནས་འཁོད་སུ་ཤན་ཏ་གུ་ལེ་རི་ཡ་ཞེས་པ་ཞིག་གིས་ཉིན་ཞག་གཉིས་ཀར་ཆར་པ་བབས་བྱུང་། ཁང་པ་རྙིང་པ་མང་ཆེ་བར་ཐིགས་པ་རྒྱག་གི་ཡོད་པ་དང་ཁང་པ་དེ་རྣམས་ཆར་ཆུ་འགོག་ཐུབ་པ་ཞིག་འཛུགས་སྐྲུན་བྱས་མི་འདུག གླེ་གྲོང་ཁྱེར་ནང་དུ་ས་ཉིལ་བ་དང་གྱང་ལོག་པ་སོགས་བྱུང་འདུག ཆར་ཞོད་ཆེན་པོ་བབས་ན་ལ་དྭགས་ཀྱི་ས་ངོས་ལ་གནོད་པ་ཆེན་པོ་ཐེབས་ས་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག རྒྱ་གར་གྱི་གནམ་གཤིས་སྔོན་བརྡ་ཁང་གི་གཞི་གྲངས་སུ་ལ་དྭགས་ལ་སྤྱི་ཡོངས་ཀྱི་ཆ་ནས་ལོ་རེར་ཆར་ཆུ་བརྒྱ་ཆ་༢༡་ཉུང་བ་འབབ། མཁར་དཀྱིལ་དུ་ཆར་ཆུ་བརྒྱ་ཆ་༧༧་ཉུང་བ་འབབ་པ་དང་གླེའི་ཕྱོགས་སུ་ཆར་ཆུ་བརྒྱ་ཆ་༨་ཉུང་བ་འབབ་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

XS
SM
MD
LG