ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ལ་དྭགས་སློབ་ཆེན་གྱི་མཁར་དཀྱིལ་སློབ་གླིང་དུ་ཚོ་ཤོག་གི་དུས་སྟོན་ཚུགས། 


རྒྱ་གར་དབུས་གཞུང་གིས་བསྐོ་བཞག་བྱས་པའི་ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་ར་
རྒྱ་གར་དབུས་གཞུང་གིས་བསྐོ་བཞག་བྱས་པའི་ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་ར་

༄༅།། ལ་དྭགས་སློབ་གྲྭ་ཆེན་མོའི་མཁར་དཀྱིལ་སློབ་གླིང་དུ་ཉི་མ་གཉིས་ལ་༢༠༢༣་ལོའི་ཚོ་ཤོག་གི་དུས་སྟོན་ཚུགས། རྒྱ་གར་དབུས་གཞུང་གིས་བསྐོ་བཞག་བྱས་པའི་ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་ར་(BD Mishar)་དུས་སྟོན་གྱི་མཛད་སྒོར་ཞུགས། ཕྱི་ཟླ་༦་པའི་ཚེས་༧་ཉིན་ལ་དྭགས་ཀྱི་སྒྲ་སྐད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་མཁར་དཀྱིལ་ས་གནས་ཀྱི་ཚོགས་གཙོ་ཧྥེ་རོ་ཛ་ཨཱ་མེ་དཱ་ཁཱན་(Feroz Ahmed Khan)་སོགས་གནད་ཡོད་མི་སྣ་ཁག་མཛད་སྒོར་མཉམ་ཞུགས་བྱས་ཤིང་། ལ་དྭགས་ཀྱི་མཁས་པ་དང་དམངས་ཁྲོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་རྣམ་རྒྱལ་དང་མཱོ་ཧ་ད་ཧུ་སེན་(Mohd Hussain)་གཉིས་ཀྱིས་མཛད་སྒོའི་ཐོག་ཏུ་ཤེས་བྱའི་རྒྱལ་སྒོ་ཞེས་པའི་དུས་དེབ་འགྲེམ་སྤེལ། གཞན་ཡང་མདའ་རྩེད་སོགས་ཀྱི་འགྲན་སྡུར་ཚུགས་པའི་གནས་ཚུལ་ཐོན་འདུག

ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་རས་མི་ཞིག་འཚར་ལོངས་ཡག་པོ་ཞིག་འབྱུང་དགོས་ན་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ནི་མི་དེའི་མི་ཚེའི་རྨང་གཞི་གཙོ་བོར་འཛིན་དགོས། ངས་ཅི་ཐུབ་ཀྱིས་ལ་དྭགས་པའི་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་གང་ལེགས་ཐོབ་ཐུབ་པའི་རོགས་སྐྱོར་དང་སློབ་ཕྲུག་ཀུན་ལ་ཕན་ཐོགས་བསྒྲུབ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ལ་དྭགས་སློབ་གྲྭ་ཆེན་མོས་རྒྱ་གར་གཞུང་གི་འབྲིང་རིམ་སློབ་གྲྭའི་ལམ་སྲོལ་ལྟར་སློབ་གྲྭ་ཁག་ཏུ་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་བཏང་བར་བསྔགས་བརྗོད་ཡོད་ཅེས་གཏམ་བཤད་བྱས་འདུག ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་ར་དང་མཁར་དཀྱིལ་ས་གནས་ཀྱི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྥེ་རོ་ཛ་ཨཱ་མེ་དཱ་ཁཱན་གཉིས་ལས་དོན་ཁག་ཅིག་གི་ཐོག་ཏུ་གྲོས་མོལ་ལྷུག་པོ་བྱུང་། ལ་དྭགས་སློབ་གྲྭ་ཆེན་མོ་དང་དེའི་ཡན་ལག་སློབ་གླིང་ཁག་གི་ས་མིག་བརྒྱ་ཆ་༤༥་ནི་ལ་དྭགས་ཀྱི་ཡུལ་མི་ཡིན་པའི་ལག་འཁྱེར་སྟོན་རྒྱུ་ཡོད་པ་ཚོར་ཟུར་འཇོག་བྱ་རྒྱུའི་ཁས་ལེན་ཐོབ།།

( Photo:Office of the Lt. Governor, Ladakh Twitter)
( Photo:Office of the Lt. Governor, Ladakh Twitter)

མཁར་དཀྱིལ་ས་གནས་ཀྱི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྥེ་རོ་ཛ་ཨཱ་མེ་དཱ་ཁཱན་གྱིས་ལ་དྭགས་སློབ་གྲྭ་ཆེན་མོས་རང་གི་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤུས་ལེགས་སྤྲོད་ཐུབ་ཡོད་པར་བསྔགས་བརྗོད་ཞུས་པར་མ་ཟད། ཁོང་གིས་སློབ་ཆེན་གྱི་འགན་འཛིན་ལྷན་ཚོགས་ནས་ལ་དྭགས་སློབ་གྲྭ་ཆེན་མོ་མངའ་སྡེའི་སློབ་ཆེན་ཞིག་གི་ཚད་གཞི་ལོངས་པའི་འགྱུར་བཅོས་གཏོང་དགོས་པའི་གྲོས་གཞི་བཏོན་པར་རྗེས་སུ་ཡི་རང་སྒོམ། ལ་དྭགས་ཀྱི་སྤྱི་ཚོགས་བདེ་དོན་དང་ཤེས་ཡོན། འཕྲུལ་རིག་དང་ལག་རྩལ་ཡར་རྒྱས་ལྷན་ཁང་གི་འགན་འཛིན་པདྨ་དབང་མོས་ལ་དྭགས་སློབ་གྲྭ་ཆེན་མོའི་བྱུང་རིམ་དང་མ་འོངས་པའི་འཆར་གཞི་སྙན་སྒྲོན། ཁོང་གིས་ལ་དྭགས་སློབ་གྲྭ་ཆེན་མོར་སློབ་ཡོན་རོགས་རམ་མང་དུ་གཏོང་དགོས། ལ་དྭགས་ཀྱི་ཚོ་ཤོག་ཞིབ་འཇུག་ལྟེ་གནས་དེ་ཉིད་ཚོ་ཤོག་ཞིབ་འཇུག་སློབ་གླིང་ཞིག་ཏུ་བསྒྱུར་ཏེ་ས་གནས་ཀྱི་རིག་གཞུང་གཅེས་འཛིན་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྐུལ།།

༢༠༢༣་ལོའི་ལ་དྭགས་ཀྱི་ཚོ་ཤོག་ཁག་གི་ཤུལ་བཞག་རིག་གནས་དུས་སྟོན་གྱི་འགྲེམ་སྟོན་ཁག་ནི་ས་གནས་ཀྱི་ལག་ཤེས་ཐོན་རྫས་རྣམས་ཡིན་ཞིང་། ལ་དྭགས་ཀྱི་ས་གནས་ཁག་ཏུ་སྲོལ་རྒྱུན་གྱི་རིག་གཞུང་མ་ཉམས་པར་སོར་གནས་ཡིན་པའི་དཔེ་མཚོན་རྣམས་སློབ་ཕྲུག་ཚོས་མཉམ་དུ་བསྡུས་ནས་མི་དམངས་ལ་བསྟན། ལ་དྭགས་ནི་རིག་གཞུང་འདྲ་མིན་གྱིས་རབ་ཏུ་ཕྱུག་པའི་ས་གནས་ཤིག་ཡིན་པར་དགའ་སྟོན་ཚུགས། དུས་སྟོན་ལ་ལྟད་མོར་བསླེབས་པ་ཚོར་ལ་དྭགས་ཀྱི་ལག་ཤེས་ཐོན་རྫས་དང་ས་གནས་ཁག་གི་ཡུལ་མིའི་ལག་ཤེས། ལ་དྭགས་ཀྱི་སྲོལ་རྒྱུན་ཟས་རིགས། ད་དུང་གསར་གཏོད་བྱས་པའི་ལ་དྭགས་ཀྱི་ཟས་རིགས་རྣམས་འགྲེམ་སྟོན་བྱས་ཡོད་པ་ཁག་ལ་མྱོང་རོལ་གྱི་གོ་སྐབས་ཐོབ། ལ་དྭགས་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་ཕྲུག་ཚོས་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་ར་ལ་སློབ་ཆེན་དེའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་ལས་བྱེད་པ་ཁ་སྣོན་དགོས་པ་སོགས་ཀྱི་རེ་བ་བཏོན།།

ཕྱི་ཟླ་༦་པའི་ཚེས་༧་ཉིན་ཇམ་མུ་གསར་འགྱུར་འབྲེལ་ཐག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་སློབ་གྲྭ་ཆེན་མོར་ཚོ་ཤོག་གི་དུས་སྟོན་ཚུགས་པའི་སྐབས་སུ་གསར་འགོད་པ་ཞིག་གིས་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་ར་ལ་ས་གནས་དེའི་ན་གཞོན་ཚོར་ལས་ཀའི་གོ་སྐབས་ཐོབ་ཀྱི་མེད་པའི་དཀའ་ངལ་སེལ་ཐབས་ཀྱི་སྲིད་ཇུས་ཅི་ཞིག་ལག་ལེན་བསྟར་གྱི་ཡོད་ཅེས་དྲིས། སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་རས་ལ་དྭགས་དབུས་མངའ་སྡེ་གཞུང་གི་ལས་ཀའི་ས་མིག་རྣམས་ས་གནས་མི་མང་ལ་འཐོབ་དགོས། དམིགས་བསལ་གྱི་ལས་རིགས་ཁག་ཅིག་ཕྱི་ལོགས་ནས་ཡོང་བའི་མི་ཚོར་མ་སྤྲད་ཐབས་མེད་རེད། དེ་མིན་གྱི་ལས་ཀའི་ས་མིག་རྣམས་ས་གནས་ཀྱི་ན་གཞོན་ཚོར་མི་སྤྲོད་པར་སུ་ལ་སྤྲོད། ངས་རྣམ་པ་ཚོའི་སེམས་ཁྲལ་དེ་ཤེས་ཀྱི་ཡོད། དབུས་མངའ་སྡེ་གཞུང་གི་ལས་ཀའི་ས་མིག་རྣམས་ས་གནས་ཀྱི་ཡུལ་མི་ཡིན་པའི་ལག་འཁྱེར་སྟོན་རྒྱུ་ཡོད་པ་ཚོར་སྤྲོད་དགོས། ང་ཚོས་སྲིད་ཇུས་དེ་ལག་ལེན་བསྟར་ངེས་ཡིན་ཞེས་བཤད།།

སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་རས་ལ་དྭགས་སློབ་གྲྭ་ཆེན་མོའི་དགེ་ལས་ཀྱི་ས་མིག་སྟོང་པ་རྣམས་སློབ་ཆེན་གྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཚོ་ཚོགས་འདུར་བསྐོངས་ནས་གྲོས་སྡུར་བྱ་རྒྱུ་ཡིན། ང་ཚོས་ས་གནས་མི་དམངས་ཀྱི་ཁེ་ཕན་གཙིགས་སུ་བཟུང་ནས་ཐག་གཅོད་བྱ་འཆར་ཡོད། ད་དུང་སན་ཀཱུ་ལའང་མཐོ་སློབ་ཅིག་འཛུགས་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད། ལ་དྭགས་དབུས་མངའ་སྡེའི་ས་གནས་ཡོངས་སུ་གཞུང་གི་ལས་ཁུངས་ཁག་གི་ས་མིག་རྣམས་ས་གནས་ཡུལ་མི་ཡིན་པའི་ལག་འཁྱེར་སྟོན་རྒྱུ་ཡོད་པ་ཚོ་འབའ་ཞིག་ལ་ཟུར་འཇོག་བྱ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་སོང་ཞེས་བཀྲལ། ལ་དྭགས་ཀྱི་མཁས་པའི་གླེང་སྟེགས་ཞེས་པའི་ཉམས་ཞིབ་པའི་སྡེ་དང་འབུམ་རམས་པ། སྤྱི་དམངས་ཀྱི་འཐུས་མི་ཚོས་ལ་དྭགས་སློབ་གྲྭ་ཆེན་མོར་དགེ་རྒན་དང་འཛིན་སྐྱོང་གི་ས་མིག་ཡོད་པ་རྣམས་ལ་དྭགས་པ་ཡིན་པའི་ལག་འཁྱེར་སྟོན་རྒྱུ་ཡོད་པ་ཚོར་ངེས་པར་དུ་བཀོད་སྒྲིག་བྱ་དགོས་ཞེས་འཐབ་རྩོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཙམ་ན་ཕྱི་ཟླ་༦་པའི་ཚེས་༧་གྱི་ཉིན་མོར་ལ་དྭགས་ཀྱི་ཆོས་ལུགས་ཀུན་གྱི་བུད་མེད་ལྷན་ཚོགས་ནས་གསར་འགོད་ལྷན་ཚོགས་བསྐོངས། ཁོ་ཚོས་ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་རར་དོན་ཚན་༡༧་འཁོད་པའི་སྙན་ཞུ་ཞིག་ཕུལ། སྙན་ཞུ་དེའི་ནང་དུ་ལ་དྭགས་ཀྱི་བུད་མེད་ཚོར་སྲུང་སྐྱོབ་ཁང་གསར་འཛུགས། ལ་དྭགས་ཀྱི་ནང་པའི་བུད་མེད་ཚོར་ས་ཁང་གི་ཐོབ་ཐང་ཡོད་པ་༢༠༡༩་ལོར་མེད་པར་བཏང་བ་སླར་གསོ་བྱ་དགོས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ས་མིག་བརྒྱ་ཆ་༣༣་བུད་མེད་ལ་ཟུར་འཇོག་བྱ་དགོས་ཞེས་བུད་མེད་ཀྱི་བདེ་ཐབས་ལ་འབྲེལ་བ་ཡོད་པའི་དོན་ཚན་རྣམས་བཀོད། ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་དམག་སྤྱི་ཟུར་པ་མཱི་ཤ་རས་ལ་དྭགས་ཀྱི་ཆོས་ལུགས་ཀུན་གྱི་བུད་མེད་ལྷན་ཚོགས་ནས་ཕུལ་བའི་སྙན་ཞུ་དེ་དབུས་གཞུང་གི་ནང་སྲིད་ལྷན་ཁང་ལ་འབུལ་ངེས་ཡིན། ལ་དྭགས་ནི་དབུས་གཞུང་གི་ཐད་སྐྱོང་མངའ་སྡེ་ཞིག་ཡིན་པས་ལས་དོན་དེ་ནང་སྲིད་ལྷན་ཁང་གིས་ཐག་གཅོད་བྱ་དགོས་པ་ཞིག་རེད་ཅེས་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG