ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིས་བོད་པའི་གཞིས་ཆགས་སུ་གཟིགས་ཞིབ། 


རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྟེ།   ལ་དྭགས་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ། 
རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྟེ།   ལ་དྭགས་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ། 

༄༅།། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྟེ། ལ་དྭགས་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལྕོག་ལམ་སར་དང་རྒྱལ་ས་གླེའི་ཨག་ལིང་གྲོང་ཚོའི་བོད་པ་བཙན་བྱོལ་བའི་གཞིས་ཆགས་གཉིས་ལ་གཟིགས་ཞིབ་ཏུ་ཕེབས་ནས་བོད་པའི་བདེ་སྡུག་ལ་གཟིགས་རྟོག་གནང་ཡོད་ཅིང་། ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ལ་དྭགས་དབུས་མངའ་སྡེ་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱི་ཉིན་གཅིག་གི་གཟིགས་ཞིབ་སྐབས་དེར་རུ་ཐོག་དང་བོན་པོ། ཀརྨ་པའི་དགོན་པ་བཅས་ལའང་གནས་གཟིགས་སུ་ཕེབས་ནས་བོད་པ་བཙན་བྱོལ་བ་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་སུ་གཟིགས་ཞིབ་དང་བོད་པ་བཙན་བྱོལ་བ་ཚོའི་གནས་སྟངས་ཡར་རྒྱས་གཏོང་བའི་ཐབས་ལམ་འཚོལ་སྒྲུབ། ས་གནས་ཀྱི་བོད་པ་ཚོའི་དཀའ་ངལ་ཁག་ལ་ཉན་ཞིབ་གནང་སྟེ་མ་འོངས་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་གནང་བའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཁུལ་དེའི་བོད་པའི་གཞིས་ཆགས་དང་དགོན་སྡེ་ཁག་ཏུ་ཕེབས་ཏེ་བཀའ་མོལ་གནང་བའི་ནང་དོན་གཙོ་བོ་ཁག་ནི་བོད་པ་བཙན་བྱོལ་བའི་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་དང་འཚོ་བའི་ཆ་རྐྱེན་ཡར་རྒྱས། བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་ཏུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། གློག་དང་འཐུང་ཆུ་འདྲེན་གཏོང་། རྒྱ་ལམ་ཐོག་ཏུ་སྣུམ་ནག་བཏིང་དགོས་པ་སོགས་ཀྱི་གནད་དོན་ཁག་ཡིན་ཞིང་། བོད་པ་བཙན་བྱོལ་བ་ཚོས་རང་གི་གཞིས་ཆགས་ཁག་ལ་རྒྱ་ལམ་འཛུགས་སྐྲུན་དང་སྲང་ལམ་ཁག་ཏུ་གློག་འཐེན་རྒྱུ། དཔེ་མཛོད་ཁང་དང་སྡོད་ཁང་། སྤྱི་ཐབ་དང་ལག་གྲུག་རྩེད་ཐང་འཛུགས་སྐྲུན། གློག་སྐུད་གསར་པ་འཐེན་ཏེ་གློག་སྐུད་རྙིང་པ་རྣམས་བརྗེ་རྒྱུ་དང་གློག་གཏོང་འཕྲུལ་ཆས་བརྗེ་འཛུགས་དགོས་པའི་དགོས་འདུན་བཏོན།།

amyang Tsering Namgyal Member of Parliament ( Photo from Jamyang Tsering Namgyal twitter)
amyang Tsering Namgyal Member of Parliament ( Photo from Jamyang Tsering Namgyal twitter)

གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ལ་དྭགས་ས་གནས་གཞུང་གི་འགོ་ཁྲིད་ཚོར་ལྕོག་ལམ་སར་དང་ཨག་ལིང་གི་བོད་པའི་གཞིས་ཆགས་ཁག་གི་དགོས་མཁོ་རྣམས་བསྒྲུབ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན། ལ་དྭགས་ཀྱི་ས་གནས་འགོ་ཁྲིད་ཚོར་རྒྱ་གར་གཞུང་གིས་བོད་པ་ཚོར་དམིགས་པའི་ལས་གཞི་རྣམས་བོད་པ་བཙན་བྱོལ་བ་ཚོར་ཕན་ཐོགས་ཡོད་པ་ཞིག་བསྒྲུབ་དགོས། བོད་པ་ཚོ་ལའང་གོ་སྐབས་འདྲ་མཉམ་ཐོབ་ཐུབ་པའི་འབད་བརྩོན་བྱ་དགོས་ཞེས་འབོད་སྐུལ་ཞུས། ལ་དྭགས་ཀྱི་རྒྱལ་ས་གླེ་རུ་བོད་པ་བཙན་བྱོལ་བ་ཚོས་ཚོང་ལས་དང་རིག་གཞུང་གི་ཆེད་ལས་གཉེར། ལྕོག་ལམ་སར་དུ་སློབ་གྲྭ་བཙུགས། བྱང་ཐང་དང་ཟངས་དཀར་ཕྱོགས་སུ་བོད་པ་བཙན་བྱོལ་བ་ཚོས་འབྲོག་ལས་གཉེར། ད་དུང་རིས་སུ་མ་ཆད་པའི་བོད་པའི་བླ་སྤྲུལ་ཁག་གིས་ལ་དྭགས་ཀྱི་ས་གནས་གང་སར་དགོན་སྡེ་བཏབ། བོད་པ་བརྒྱ་ཕྲག་འགའ་ཞིག་གིས་ལས་རིགས་འདྲ་མིན་ཞིག་གཉེར་ནས་ལ་དྭགས་ཀྱི་ས་གནས་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ས་སྐྱའི་མཐོ་སློབ་ཏུ་ལོ་༦་ལ་ནང་དོན་རིག་པ་གཙོས་བོད་ཀྱི་རིག་གནས་ཁག་ལ་སློབ་སྦྱོང་གནང་ཤིང་། ཁོང་གིས་༢༠༢༢་ལོའི་ཕྱི་ཟླ་༤་པའི་ཚེས་༡་ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མར་བོད་ཡིག་གམ། བྷོ་ཊིའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༨་པའི་ཁོངས་སུ་བཅུག་སྟེ་སྐད་ཡིག་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་ཁྲིམས་གཞི་ཞིག་བཏོན། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་བོད་ཡིག་ནི་བོད་གཅིག་པུ་མ་ཡིན་པར་ལ་དྭགས་དང་གར་ཞ་དང་སྤི་ཏེ། ཁུ་ནུ་དང་འབྲུག འབྲས་ལྗངས་དང་ཡོན་ཡུལ། བལ་ཡུལ་གྱི་ཁོངས་སུ་གཏོགས་གློ་བོའི་ཡུལ་དང་དོལ་པོ། ཤར་པ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་མི་རིགས་ཁག་དང་སོག་ཡུལ། རྒྱ་ནག་བཅས་སུའང་དར་ཁྱབ་ཆེ། རྒྱ་གར་གྱི་ལེགས་སྦྱར་གྱི་རིག་གཞུང་རྙིང་པ་བརླགས་ཟིན་པ་རྣམས་བོད་ཡིག་ནས་ཚུར་བསྒྱུར་ཏེ་བསྐྱར་གསོ་ཐུབ་ཡོད་པ་རེད་ཅེས་སྒྲུབ་བྱེད་བཀོད།།

གྲོས་ཚོགས་འཐུས་མི་ཚེ་རིང་རྣམ་རྒྱལ་སོགས་ཀྱིས་རྒྱ་གར་གཞུང་ལ་བོད་པ་བཙན་བྱོལ་བ་ཚོར་གཟིགས་སྐྱོང་གང་ལེགས་གནང་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པར་མ་ཟད། བོད་པ་བཙན་བྱོལ་བའི་ཚོགས་སྡེ་ཁག་གིས་ཀྱང་ལ་དྭགས་པ་དང་གར་ཞ་བ། སྤི་ཏེ་དང་ཁུ་ནུ། འབྲལ་ལྗོངས། མོན་པ་སོགས་ལ་ཆོས་རིག་སློབ་སྦྱོང་གི་རོགས་ཕན་གང་ཐུབ་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་ཐོན། བོད་པ་བཙན་བྱོལ་བའི་རིས་མེད་དགོན་སྡེ་ཁག་གི་སློབ་གཉེར་བ་མང་ཆེ་བ་ནི་ཧི་མ་ལ་ཡའི་ལྗོངས་ཀྱི་མི་རིགས་ཁག་ཡིན་ཞིང་། དེ་བཞིན་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་ཏུའང་ཧི་མ་ལ་ཡའི་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གོ་སྐབས་ཐོབ། ཉེ་ཆར་༧གོང་ས་མཆོག་ནས་རྒྱ་གར་བ་ཕྲུ་གུ་ཞིག་ལ་སྐུ་རྩེད་གནང་སྟེ་གླེང་སློང་ཆེན་པོ་བྱུང་བའི་རྗེས་སུ་ལ་དྭགས་པ་དང་མོན་པ། འབྲས་ལྗོངས་པ་དང་གར་ཞ། སྤི་ཏེ་དང་ཁུ་ནུ་བ་སོགས་ཀྱིས་རྒྱ་གར་བའི་གསར་འགྱུར་ལས་ཁང་ཁག་ལ་ངོ་རྒོལ་དང་བོད་པ་བཙན་བྱོལ་བ་ལས་ལྷག་པའི་ལངས་ཕྱོགས་གསལ་པོར་བསྟན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG