ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ལ་དྭགས་ཀྱི་བདེ་སྐྱིད་ཐང་དུ་ས་ལ་དྭགས་ཞེས་པའི་འགྲེམ་སྟོན་ཚུགས་རྒྱུ། 


༄༅།། ལ་དྭགས་ཀྱི་བདེ་སྐྱིད་ཐང་ནི་རྒྱ་མཚོ་ནས་མཐོ་ཚད་མཱི་ཊར་༣༦༠༠་ཐམ་པའི་ཡན་ཆད་དུ་ཆགས་ཡོད་ཅིང་། ད་ལོའི་ཕྱི་ཟླ་༨་པའི་ཚེས་༡་ནས་༢༣་བར་དུ་ས་ལས་གྲུབ་པའི་སྒྱུ་རྩལ་གྱི་ཐོན་རྫས་རྣམས་བཤམས་ཏེ་ས་ལ་དྭགས་ཞེས་པའི་འགྲེམ་སྟོན་ཆེན་པོ་ཞིག་ཚུགས་ནས་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་དང་ས་གནས་ཀྱི་རིག་གཞུང་། ཡུལ་སྡེ་བཅས་ཀྱི་འཚོ་བའི་གོམས་སྲོལ་རྣམས་དྲིལ་བསྒྲགས། མི་མང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་རྒྱུ་ཡིན་འདུག ཕྱི་ཟླ་༦་པའི་ཚེས་༢༥་ཉིན་རྒྱ་གར་གྱི་ཨེ་ཤི་ཡའི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ས་ལ་དྭགས་ཞེས་པའི་འགྲེམ་སྟོན་དེར་ལ་དྭགས་པ་དང་རྒྱ་གར་བ། ནུབ་ཕྱོགས་ཀྱི་སྒྱུ་རྩལ་བ་ཎི་ཀོ་ལོ་སི་གྷེར་ཧལ་ཊར་(Nikolus Geyrhalter)་དང་ཧྥི་ལིབ་ཧྥ་རན་ཀ(Phillip Frank) ཤར་བྷན་དྷུ་ཌི་(Sharbendu De)་དང་འཇིགས་མེད་དབང་མོ། ཀརྨ་བསོད་ནམས་བཀྲ་ཤིས། ཀུན་རྒྱམ་ཚེ་རིང་འགྱུར་མེད། ཚེ་རིང་མོ་ཐུབ་དང་ཝི་བྷ་གྷལ་ཧོ་ཏྲ་(Vibah Galhotra)་རྣམས་མཉམ་ཞུགས་བྱ་རྒྱུའི་གནས་ཚུལ་ཐོན་འདུག

ལ་དྭགས་སྒྱུ་རྩལ་དང་གསར་འགོད་སྒྲིག་འཛུགས་གསར་འཛུགས། ས་ལ་དྭགས་ཀྱི་འགྲེམ་སྟོན་བཤམས་རྫས་མཁོ་སྒྲུབ་ཕྱག་སྦྲེལ་ཏེ། འབུམ་རམས་པ་མོ་ནི་ཤ་ཨཱ་མེ་ད་(Monisha Ahmed)་ཡིས་བཤད་པ་ལྟར་ན། ས་གནས་ཀྱི་སྒྱུ་རྩལ་བ་རྣམས་འགྲེམ་སྟོན་ཁོངས་སུ་བཅུག་པ་དེས་ལ་དྭགས་ཀྱི་དེང་རབས་སྒྱུ་རྩལ་ལ་རྒྱལ་སྤྱིའི་ཐོག་ཏུ་ངོས་འཛིན་ཐོབ་ཀྱི་ཡོད་པའི་རྟགས་མཚན་རེད། ཧྥི་ལིབ་ཧྥ་རན་ཀ་ནི་འཇར་མན་ཎིའི་སྒྱུ་རྩལ་བ་ཞིག་ཡིན་ཞིང་། ཁོང་གི་སྒྱུ་རྩལ་གྱི་ཐོན་རྫས་ཁག་ལ་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཆེ། ང་ཚོས་འགྲེམ་སྟོན་བརྒྱུད་ནས་རང་བྱུང་ཁམས་དང་ཆོས་ལུགས་གཉིས་འདྲེས་ཡོད་པ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བཀྲལ། འགྲེམ་སྟོན་དེ་རྒྱལ་ས་གླེ་ནས་རྒྱང་ཐག་རིང་པོ་མེད་པའི་ཡུལ་ལྗོངས་ཤིན་ཏུ་མཛེས་ས་བདེ་སྐྱིད་ཐང་དུ་ཚུགས་འཆར་ཡོད། བདེ་སྐྱིད་ཐང་ནི་རི་ངོས་ནས་ཐུར་དུ་རྐང་འཁོར་འགྲན་རྒྱུག་དང་ལ་དྭགས་ཀྱི་ན་གཞོན་ཚོས་དགའ་སྟོན་འཚོགས་ཡུལ། ཁོ་ཚོས་འགྲན་སྡུར་འཚོགས་ས་སོགས་ཡུལ་ལྗོངས་རྣམ་པར་མཛེས་ས་ཞིག་རེད་ཅེས་སྨྲས།།

ས་ལ་དྭགས་ཀྱི་འགྲེམ་སྟོན་དེ་ནི་ཉིན་ལྟར་སྔ་དོའི་ཆུ་ཚོད་༡༡་ནས་ཕྱི་དྲོའི་ཆུ་ཚོད་༥་པའི་བར་དུ་ཚུགས་རྒྱུ། ཕྱི་ཟླ་༧་པའི་མགོ་སྟོད་དུ་འགྲེམ་སྟོན་དེར་མཉམ་ཞུགས་བྱེད་མཁན་དང་ཉིན་རེའི་མཛད་རིམ་ཞིབ་ཕྲ་རྣམས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པར་མ་ཟད། ད་ལོའི་ས་ལ་དྭགས་ཀྱི་འགྲེམ་སྟོན་དེར་རྒྱ་གར་དུ་བཅའ་སྡོད་འཇར་མན་ཎི་དང་སུད་ཛར་ལན་ཌིའི་གཞུང་ཚབ་ཁང་། ཨོ་གླིང་རིག་གཞུང་གླེང་སྟེགས་ཁང་བཅས་ཀྱི་རྒྱབ་སྐྱོར་ཐོབ། བདེ་སྐྱིད་ཐང་དུ་སྒྱུ་རྩལ་གྱི་ཐོན་རྫས་རྣམས་བཤམས། འབག་སྐུ་སོགས་བཞེངས། ཆེས་དེང་རབས་ཀྱི་གློག་བརྙན་འཕྲུལ་ཆས་ཀྱིས་བརྙན་རིས་བསྟན། མི་ཚོར་ཐུན་མོང་མ་ཡིན་པའི་ཉམས་སྣང་ཞིག་སྟེར་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ས་ལ་དྭགས་ཀྱི་འགྲེམ་སྟོན་མཉམ་འཛུགས་པ་ར་ཀི་ནི་ཀ་ཧེ་ཏི་ཡས་(Raki Nikaheitya)་ང་ཚོའི་འགྲེམ་སྟོན་དེ་ས་ཁྱོན་ཨེ་ཀར་༢༠་ཐམ་པའི་ཐོག་ཏུ་འཚོགས་འཆར་ཡོད། ས་ཁྱོན་དེའི་ཐོག་ཏུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གོ་རྟོགས་སྤེལ་ཐུབ། ང་ཚོས་ས་ལས་གྲུབ་པའི་སྒྱུ་རྩལ་གྱི་ཐོན་རྫས་རྣམས་བསྟན་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་གསལ་སྟོན་བྱ་འཆར་ཡོད་ཅེས་བཤད།།

འཛམ་གླིང་གི་ས་གནས་ཀུན་ཏུ་གནམ་གཤིས་འགྱུར་ལྡོག་ཐེབས་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་ལྟར་ལ་དྭགས་སུའང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཆེ་རུ་སོང་། ཕྱི་ཟླ་༦་པའི་ཚེས་༢༦་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ནུབ་རའི་ཏུར་ཏིག་དང་སྟག་ཤི། ཐང་ཡུལ་བཅས་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་ཆུ་ལོག་བརྒྱུགས་ནས་རྒྱ་ལམ་བསྣུབས། རྒྱ་གར་གྱི་དམག་གིས་རྒྱ་ལམ་སླར་གསོ་བྱས་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན་ལ་བར་ཆད་མི་འབྱུང་བའི་ཐབས་སུ་འབད། རྒྱ་གར་གྱི་དམག་གི་མགྲིན་ཚབ་པ་ཞིག་གིས་ང་ཚོས་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་རྒྱ་ལམ་བསྐྱར་གསོ་བྱེད་ཀྱི་ཡོད་ཅེས་བསྒྲགས། ལ་དྭགས་ཀྱི་ས་གནས་གཞུང་གིས་ལོ་འདིར་ཆུ་ལོག་བརྒྱུག་རྒྱུ་དང་གཙང་པོ་རྣམས་བྲུག་སྟེ་ས་ཉིལ། ལ་དྭགས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་ནས་གང་སར་མཚེའུ་འཁྱིལ། གླེ་དང་མཁར་དཀྱིལ་ཕྱོགས་སུ་ས་འདེད་འཕྲུལ་ཆས་སོགས་ཆུ་ལོག་འགོག་པར་དགོས་ངེས་ཀྱི་ལག་ཆ་རྣམས་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ལ་དྭགས་སློབ་གྲྭ་ཆེན་མོའི་ས་ཁམས་སློབ་གླིང་གི་སློབ་དཔོན་ལས་རོགས་རྒན་པ་ར་ཀེ་ཤ་ཅནྡྲས་བཤད་པ་ལྟར་ན། ལ་དྭགས་ཀྱི་གངས་རི་དང་འཁྱག་རོམ་རྣམས་མགྱོགས་མྱུར་གྱིས་ཞུ། ལ་དྭགས་ལ་ཆར་ཞོད་དཀོན་རུང་ཧི་མ་ལ་ཡའི་འཁྱག་རོམ་ཞུ་ནས་ཆུ་བོ་རྣམས་བྲུག ༢༠༡༠་ལོར་ལ་དྭགས་སུ་ཆུ་ལོག་བརྒྱུགས་ཏེ་མི་༡༥༠་ལ་ལྷག་ལ་འཆི་སྐྱོན་ཕོག་པ་ལྟར་༢༠༢༣་ལོར་ཡང་ལ་དྭགས་སུ་ཆུ་ལོག་བརྒྱུག་རྒྱུའི་ཉེན་ཁ་འདུག་ཅེས་བཤད། རྒྱ་གར་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏུར་ཏིག་ས་ཁུལ་དུ་རང་བྱུང་ཁམས་ཀྱི་གནོད་འཚེ་ཁོ་ན་མིན་པར་དམག་འཁྲུག་གི་གོད་ཆག་ཕོག ༡༩༤༧་ནས་༤༨་བར་དུ་བརྒྱབ་པའི་དམག་འཁྲུག་རྗེས་སུ་ཏུར་ཏིག་གི་ས་ཆ་ཧྲིལ་པོ་པ་ཀི་སི་ཐན་གྱི་དབང་བསྒྱུར་འོག་ཚུད། ༡༩༧༡་ལོར་རྒྱ་གར་གྱིས་དམག་བརྒྱབ་ནས་ཏུར་ཏིག་ཕྱིར་ལེན་བྱུང་། ༡༩༩༩་ལོར་མཁར་དཀྱིལ་གྱི་དམག་འཁྲུག་ལངས་ཏེ་ཏུར་ཏིག་ལ་བསྐྱར་དུ་རྒོལ་རྡུང་ཕོག ༢༠༡༠་ནས་རྒྱ་གར་གྱི་དམག་གིས་ཏུར་ཏིག་ལུང་པ་དང་ཤི་ལོག་ཆུ་བོའི་འགྲམ་དུ་དམག་སྒར་བརྒྱབ་སྟེ་ཏུར་ཏིག་ལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན།།

ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་སྟོན་ཐབས་སུ་སློབ་གསོ་བ་དང་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་ཉིན་༧་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ས་གནས་མི་མང་རྣམས་མཉམ་ཞུགས་བྱས་པའི་གནས་ཚུལ་ཐོན། ཟླ་བ་འདིའི་ཟས་བཅད་ངོ་རྒོལ་ནི་ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ཁོར་ཡུག་སྲུང་སྐྱོབ་དོན་དུ་ཟས་བཅད་ངོ་རྒོལ་བྱས་པ་ཐེངས་གཉིས་པ་ཡིན་ཞིང་། ཁོང་གིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས། མངའ་སྡེའི་ཐོབ་ཐང་མེད་པར་ས་ཆ་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཁག་པོ་རེད། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་ཕར་ཕྱོགས་སུ་བལྟས་ནས་བསྡད་ཡོད་པས་ལ་དྭགས་ལ་ཟིང་ཆ་མེད་པར་རྩོད་གཞི་རྣམས་ཞི་བའི་སྒོ་ནས་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད། ལ་དྭགས་རྒྱལ་ཡོངས་སུ་མི་མང་སྟོང་ཕྲག་མང་པོ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདིར་མཉམ་ཞུགས་བྱས་འདུག་ཅེས་བཀྲལ།

ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་ངས་ཟས་བཅད་ངོ་རྒོལ་བྱས་པར་རྒྱུ་མཚན་གཞན་ཞིག་ཀྱང་ཡོད། དེ་ནི་གྲོང་ཁྱེར་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་མི་ཚོས་རང་གི་འཚོ་བའི་གོམས་སྲོལ་རྣམས་སྟབས་བདེ་ཞིག་ཏུ་བསྒྱུར་དགོས། དེ་ལྟར་བྱུང་ན་ང་ཚོ་ས་མཐོར་འཚོ་གནས་བྱེད་བཞིན་པའི་མི་རྣམས་གསོན་གནས་ཐུབ་ཅེས་འབོད་སྐུལ་ཞུས་ནས་གོ་རྟོགས་སྤེལ་གྱི་ཡོད། ངས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཏེ་གངས་རི་དང་འཁྱག་རོམ་རྣམས་ཞུ་ཡི་འདུག མི་ཟོག་གཉིས་ཀ་འཚོ་གནས་མི་ཐུབ་པའི་མཚམས་སུ་སླེབ་ཡོད་ཀྱི་ཡོད་པ་སྟོན་གྱི་ཡོད། ངས་ཟད་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་སྲིད་བློ་མོ་དྷིས་ཉུང་མཐའ་ཡང་རྒྱ་གར་བ་དུང་ཕྱུར་༡༠་ལྷག་ལ་སྐུལ་ལྕག་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་སྒྲུབ་ཏུ་འཇུག་གི་ཡོད་པར་རྒྱབ་སྐྱོར་མཚོན་ཐབས་ཤིག་ཡིན། ང་ཚོས་ལོ་བཞིའི་གོང་ནས་དྲྭ་ཚིགས་ཤིག་སྒོ་ཕྱེ། མི་རྣམས་དྲྭ་ཚིགས་དེར་ཞུགས་ནས་རང་གི་འཚོ་བའི་གོམས་སྲོལ་ལ་འགྱུར་བ་གཏོང་རྒྱུའི་ཁས་ལེན་བྱེད་དུ་འཇུག་གི་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

XS
SM
MD
LG