ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

གངས་རིན་པོ་ཆེ་དང་མཚོ་མ་འཕམ་གཡུ་མཚོ་གནས་སྒོ་རྒྱག་རྒྱུ་རེད་འདུག


བོད་ཀྱི་སྟོད་མངའ་རིས་ཕྱོགས་སུ་ཡོད་པའི་ཕྱི་ནང་ཆོས་ལུགས་ཐོུང་གི་གནས་རི་གྲགས་ཅན་གངས་རིན་པོ་ཆེ་དང་མཚོ་མ་འཕམ་གཡུ་མཚོ་གཉིས་འདི་ལོ་ཕྱི་ཟླ་བཅུ་པ་ནས་གནས་སྒོ་རྒྱག་རྒྱུ་ཡིན་པ་དང་དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༡༥ ནས་མཚོ་མ་འཕམ་གཡུ་མཚོ་གནས་སྒོ་བརྒྱབ་ཟིན་ཡོད་པ་དང་ཕྱི་ཟླ་བཅུ་པའི་ཚེས་༣༡ ཉིན་ནས་གངས་རིན་པོ་ཆེ་གནས་སྒོ་རྒྱག་རྒྱུ་ བསྐྱར་དུ་སྒོ་ཕྱེས་བའི་དུས་ཚོད་ནི་༢༠༢༤ ལོའི་ཕྱི་ཟླ་༤ ཚེས་༢༠ ཉིན་སྒོ་ཕྱེ་རྒྱུ་ཡིན་པའི་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་གསལ་བསྒྲགས་སྤེལ་འདུག

གནས་སྒོ་རྒྱག་དགོས་པའི་རྒྱུ་མཚན་སྐོར་མངའ་རིས་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་ཁང་ཟེར་བས་ཕྱི་ཟླ་༡༠ ཚེས་༡༧ ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་མངའ་རིས་ས་ཁུལ་གྱི་དམིགས་བསལ་ས་ཁམས་ཁོར་ཡུག་དང་གནམ་གཤིས་དབང་གིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ལ་སླེབས་ཡོད་པ་དང་ཁྲོམ་རའི་འགྲུལ་རྒྱུན་དང་དགུན་དུས་ཀྱི་གནམ་གཤིས་གནས་ཚུལ་ལ་གཞིགས་ནས་ཡིན་ཚུལ་བརྗོད་འདུག་ལ་དེ་བཞིན་ཕྱི་ཟླ་༡༠ ཚེས་༣༡ ནས་མངའ་རིས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་པ་སེ་ཚོང་མཚམས་འཇོག་རྒྱུ་དང་མགྲོན་ཁང་ཡང་སྒོ་རྒྱག་རྒྱུ་མ་ཟད་མཛེས་ལྗོངས་ཁུལ་ནང་གི་སྐྱེལ་འདྲེན་རླངས་འཁོར་ཡང་ལས་གཉེར་བྱེད་མཚམས་བཞག་ཟིན་པ་ཡིན།

དེའི་རིང་ལ་ཡུལ་སྐོར་བས་རྐང་ཐང་ངམ་ཡང་ན་རྣམ་པ་གཞན་དག་གང་རུང་གི་ཐོག་ནས་མཛེས་ལྗོངས་ཁུལ་དུ་གཏན་ནས་བསྐྱོད་མི་ཆོག གལ་སྲིད་རང་དགར་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་དཔལ་འབྱོར་དང་མི་ལུས་ལ་གྱོང་གུན་བཟོས་པ་མཐའ་དག་རང་རེའི་ཀུང་སིས་འགན་འཁྲི་གང་ཡང་འཁུར་རྒྱུ་མིན་ཅེས་བརྗོད་འདུག

རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་པར་ ལོ་ལྟར་ཕྱི་ཟླ་༤ ནས་༩ བར་ན་གངས་རིན་པོ་ཆེར་གནས་སྐོར་བ་དང་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚོད་ཡིན་པ་དང་དེང་སྐབས་རྒྱ་ནག་ནང་ཁུལ་ནས་རྒྱ་རིགས་ཡུལ་སྐོར་བ་དང་གནས་སྐོར་དུ་ཡོང་མཁན་དེ་སྔོན་ལས་ལྡབ་ཀྱིས་མང་བ་ཡོད་པ་དང་གངས་རིན་པོ་ཆེ་དང་མཚོ་མ་འཕམ་གཡུ་མཚོ་ཁུལ་ལ་ཡུལ་སྐོར་དུ་ཡོང་མཁན་རྒྱ་རིགས་ཁག་ཅིག་ནས་ཆོས་ལུགས་ཀྱི་དད་པ་དང་ལམ་སྲོལ་ལ་གུས་ཞབས་དང་བརྩི་བཀུར་མི་བྱེད་པར་གང་སར་གད་སྙིགས་གང་བྱུང་དུ་གཡུག་པ་དང་ད་དུང་རྒྱ་རིགས་ཡུལ་སྐོར་བ་སྐྱེས་པ་ཞིག་གིས་གངས་རིན་པོ་ཆེའི་སྒང་ལ་འཛེགས་ནས་གངས་རིན་པོ་ཆེར་དབང་བསྒྱུར་བྱེད་མཁན་གྱི་ཀྲུང་གོ་བ་དང་པོ་དེ་ང་ཡིན་ཞེས་སྤོབས་པ་དང་ང་རྒྱལ་ཆེན་པོས་བཤད་པའི་བརྙན་ཐུང་སྤྱི་ཚོགས་དྲ་ལམ་དུ་ཁྱབ་ཡོད་པ་འགྲེལ་བརྗོད་གནང་སོང་།

གཤམ་གྱི་སྒྲ་དེ་ནི་སྐབས་དེར་རྒྱ་མི་ཡུལ་སྐོར་བ་དེས་བཤད་པའི་སྐད་ཆའི་དུམ་བུ་ཞིག་རེད། གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་པར་གངས་རིན་པོ་ཆེའི་སྒང་འཛེག་པ་དང་ཆུ་མ་འཕམ་གཡུ་མཚོར་འཁྲུས་བྱེད་པ་སོགས་གཏན་ནས་བྱེད་ཆོག་གི་མེད་པ་རེད་རྒྱ་མི་དེའི་བྱ་སྤྱོད་ངན་པ་དེ་ལ་ཕྱི་ནང་གི་དད་ལྡན་་པ་མང་པོའི་སེམས་ལ་ཕོག་ཐུག་བཏང་ཡོད་པ་མ་ཟད་དེར་བོད་རིགས་མང་ཚོགས་མང་པོས་བློ་ཕམ་ཆེན་པོས་བཁ་བརྡུང་བཏང་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

ཡང་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན་ ལོ་རེའི་ཕྱི་ཟླ་ ༤ ནས་ ༩ བར་རྒྱ་གར་དང་བལ་ཡུལ་སོགས་ནས་ཧིན་རྡུ་དང་ནང་པ་གཙོ་བོར་གྱུར་བའི་གནས་མཇལ་བ་དང་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚོད་ཡིན་ཅིང་།རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་རྗེས་གངས་རིན་པོ་ཆེ་དང་མཚོ་མ་འཕམ་གཡུ་མཚོར་གནས་སྐོར་ཡོང་རྒྱུ་མཚམས་ཆད་ཡོད་པ་རེད།རྒྱ་ནག་གཞུང་འབྲེལ་གྱིས་བཀོད་པའི་གནས་ཚུལ་ནང་དུས་རབས་༢༠ལོ་རབས་80པའི་དུས་འགོ་ནས་བཟུང་གངས་རིན་པོ་ཆེར་རི་སྐོར་དང་ཡུལ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་པ་དང་།2017ལོར་གནས་མཇལ་བ་དང་ཡུལ་སྐོར་བ་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་ཚུལ་གནས་ཚུལ་སྤེལ་འདུག་ ༢༠༡༨ ལོར་བལ་ཡུལ་བརྒྱུད་གངས་རིན་པོ་ཆེར་མཇལ་སྐོར་དུ་འགྲོ་མཁན་མི་གྲངས་ ༢༠༠༠༠ ལྷག་དང་། ཕྱི་ལོ་ ༢༠༡༩ ལོར་མི་གྲངས་ ༣༠༠༠༠ ལྷག་བྱུང་འདུག

རྒྱ་ནག་ཝུའུ་ཧན་ནས་འཛམ་གླིང་ཡུལ་ལུང་གང་སར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་ཕྱིན་པར་བརྟེན་ཕྱི་ལོ་ ༢༠༢༠ ཟླ ༡ ནས་འདས་པའི་ལོ་གསུམ་ལྷག་རིང་གནས་མཇལ་བ་བཀག་ཡོད་པ་རེད།འདི་ལོ་༢༠༢༣ ལོའི་ཕྱི་ཟླ་བཞི་པ་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་གནས་ཆེན་གངས་རིན་པོ་ཆེ་བསྐྱར་དུ་གནས་སྒོ་ཕྱེ་ཡོད་ཀྱང་། རྒྱ་གར་ནས་ཡོང་བའི་ཧིན་དུའི་གནས་མཇལ་བ་ཚོར་དེ་སྔོན་ལས་རིན་གོང་ལྡབ་ཀྱིས་སྤར་ཡོད་པ་མ་ཟད་དམ་དྲག་ཀྱང་ཆེན་པོ་བྱེད་ཀྱི་ཡོད་པ་རེད་འདུག་དེ་ཡང་རྒྱ་གར་གྱི་གནས་མཇལ་བ་ཚོར་(grass damage charge) ཞེས་པའི་རྩ་སར་གནོད་སྐྱོན་བཏང་བའི་གུན་གསབ་ཟེར་བ་ཞིག་ལེན་གྱི་ཡོད་པ་རེད་དེ་ཡང་དེ་སྔོན་མི་རེར་ཨ་སྒོར་ ༡༠༠ རེ་ལེན་གྱི་ཡོད་ཀྱང་། འདི་ལོ་ཨ་སྒོར་ ༣༠༠ ལ་སྤར་ཡོད་པ་མ་ཟད། ཕྱི་ལོ་༢༠༢༠ ལོར་ཡུལ་སྐོར་སྣེ་ཤན་པའི་ཉིན་གྲངས་བཅོ་ལྔའི་མཐོང་མཆན་ལ་ཧིན་སྒོར་༤༢༠༠ ཡིན་ཀྱང་འདི་ལོ་ཧིན་སྒོར་༨༨༠༠ སྤར་ཏེ་ཁྱོན་བསྡོམས་ཧིན་སྒོར་༡༣༠༠༠ སྤྲོད་དགོས་ཀྱི་ཡོད་པ་རེད་འདུག

སྤྱིར་གངས་རིན་པོ་ཆེ་དང་མཚོ་མ་འཕམ་གཡུ་མཚོ་ནི་བོད་སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་སུ་ཡོད་པ་རེད།ལོ་རྒྱུས་ཡིག་ཆའི་ནང་གསལ་བ་ལྟར་ན་གངས་རིན་པོ་ཆེའི་མིང་གཞན་ལ་ལེགས་སྦྱུར་གྱི་སྐད་དུ་གངས་ཏི་སེ་ཡང་ཟེར་ཞིང་རྒྱ་མཚོ་ངོས་ལས་སྤྱི་ཁྲི་༧༢༠༠ལྷག་གི་སར་ཡོད། ནང་པ་ཚོས་དེ་ནི་དཔལ་འཁོར་ལོ་བདེ་མཆོག་ཀྱི་ཕོ་བྲང་དུ་ངོས་འཛིན་བྱེད་པ་དང་ཧིན་དུའི་ཆོས་ལུགས་པ་ཚོས་དེ་ནི་ལྷ་དབང་ཕྱུག་བཞུགས་སའི་ཕོ་བྲང་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཡང་བོད་ཀྱི་བོན་པོའི་ཆོས་ལུགས་པ་ཚོའི་ངོས་ནས་བཤད་ན་གངས་ཏེ་སེའི་མདུན་དང་མཚོ་མ་གཡུ་མཚོའི་འགྲམ་འོལ་མོ་ལུང་རིང་ནི་གཡང་དྲུང་བོན་གྱི་སྟོན་པ་ཤེན་རབ་མི་བོ་ཆེ་སྐུ་འཁྲུངས་ཡུལ་དང་བོན་ཆོས་ཐོག་མར་དར་སའི་གནས་ཁྱད་པར་ཅན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད་འདུག གངས་རིན་པོ་ཆེའི་ཕྱོགས་བཞི་ནས་ཆུ་མོ་རྟ་མཆོག་ཁ་འབབ་དང་གླང་ཆེན་ཁ་འབབ་སེང་གེ་ཁ་འབབ་རྨ་བྱ་ཁ་འབབ་བཅས་ཆུ་བོ་ཆེན་པོ་བཞི་འབབ་ཀྱི་ཡོད་པ་དེ་ནི་རྒྱ་གར་གྱི་ཆུ་མོ་གངྒ་དང་ཡར་ཀླུང་གཙང་པོ་གཉིས་འབྱུང་ཁུངས་ཡིན་པ་དང་ཆོ་མོ་དེ་དག་ནི་གླིང་ཆེན་ཨེ་ཤ་ཡའི་ཆུ་བའི་འབྱུང་ཁུངས་ཤིག་ཀྱང་ཆགས་ཡོད་པ་རེད་འདུག

XS
SM
MD
LG