ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ ༥༠ དང་ས་རཱ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན།


བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༥༠ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དམིགས་བསལ་དུས་ཆེན་ཉིས་འཛོམས་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དགའ་ལྡན་ཁྲི་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཀྱིས་སྲུང་བརྩི་ཞུས་གནང་སོང་། སྐབས་དེའི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གསོལ་འདེབས་ཞུས་ཡོད་འདུག་ཀྱང་། མཛད་བྲེལ་རྐྱེན་པས་མཛད་སྒོར་ཞབས་སོར་འཁོད་ཐུབ་མེད་རྐྱེན་མགོན་པོ་མཆོག་ནས་བཀའ་ཡིག་ཅིག་སྩལ་གནང་མཛད་ཡོད་ཅིང་། དེའི་ནང་ཐོག་མར་༧གོང་ས་ཆེན་པོས་འཚམས་འདྲི་སྩལ་གནང་བ་དང་སྦྲགས། འདས་པའི་ལོ་དེ་དག་རིང་གདན་ས་ཁག་ཏུ་གཞུང་ཆེན་སློབ་གཉེར་ལ་ཞུགས་མི་ཐུབ་པའི་བཙན་བྱོལ་སྤྱི་ཚོགས་ནང་རང་རིགས་དོན་གཉེར་ཅན་སེར་སྐྱ་ཕོ་མོ་ཁྱད་མེད་དང་། དེ་བཞིན་སོག་པོ་དང་། ཀོ་རི་ཡ། ཝི་ཏི་ནམ། ཐེ་ཝན་པ་སོགས་ཕྱི་རྒྱལ་མི་རིགས་དང་བཅས་པར་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རང་རང་བློ་ཚོད་དང་བསྟུན་པའི་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་དམིགས་བསལ་ཅན་འདིས་གཙུག་ལག་རབ་འབྱམས་པ་དང་། མཐོ་རིམ་རིག་གནས་རབ་འབྱམས་པ། དགེ་རྒན། ལོ་ཙཱ་བ་སོགས་མཐོ་རིམ་ཤེས་ལྡན་གྱི་མི་སྣ་བརྒྱ་ཕྲག་མང་པོ་སྐྱེད་སྲིང་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ནི་བླ་ན་མེད་པའི་བྱས་རྗེས་ཤིག་ཡིན་པས་ཡི་རང་བསྔགས་བརྗོད་དང་། འདས་གསོན་ཡོངས་ལ་རྗེས་འཛིན་སྨོན་ལམ་ཡོད་པ་བཅས་བཀའ་སྩལ་གནང་འདུག

སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནས། རིགས་ལམ་མ་ལག་གཉིས་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ལ་བྱས་རྗེས་གང་ལེགས་འཇོག་གནང་ཐུབ་ཡོད་པ་གསུངས་གནང་བ་སྦྲགས། དབུ་དགེ་དམ་པའི་བཀའ་དྲིན་གསབ་ཆེད་དམ་པ་ཁོང་གི་བཀའ་དགོངས་བཞིན་བསྒྲུབ་གནང་རྒྱུའི་བཀའ་སློབ་སོགས་ཕེབས་གནང་སོང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཐབས་ལ་རིགས་ལམ་མ་ལག་གཉིས་ཀྱི་ངོས་ནས་སློབ་གཉེར་བ་གསོ་སྐྱོང་གིས་ད་ལྟའི་འཆར་འཛམ་བུ་གླིང་གི་སྤྱི་ཚོགས་གང་སར་རྒྱལ་བའི་བསྟན་པ་དང་བོད་ཀྱི་རིག་གནས་ཐད་ལ་རླབས་ཆེན་གྱི་བྱ་གཞག་སྒྲུབ་མཁན་མི་ཉུང་བ་ཞིག་ཡོད་བཞིན་པ་སོགས་ཀྱི་སྐོར་ལའང་རིགས་ལམ་མ་ལག་གཉིས་ཀྱི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་སོང་།

དེ་དང་ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་གཞན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་པའི་ཆོས་དང་རིག་གནས་སློབ་གཉེར་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་བཀའ་སློབ་གནང་བའི་ནང་སློབ་སྦྱོང་ཟེར་བ་གཞན་ཕན་དང་འབྲེལ་ནས་གནང་དགོས་པ་གལ་ཆེན་ཡིན་པ་དང་སྦྲགས། བོད་ཀྱི་སྐད་དང་རིག་གནས་ཀྱི་ཐད་ལ་རིགས་ལམ་མ་ལག་གཉིས་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་པར་བསྔགས་བརྗོད་ཀྱང་གནང་སོང་།

གཞན་ཡང་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་རིགས་ལམ་མ་ལག་གཉིས་ཀྱི་འགན་འཛིན་ཟུར་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་དབུ་དགེ་དམ་པའི་སྐོར་ལ་ངོ་སྤྲོད་དང་། གཞན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད། དེ་བཞིན་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཞིང་གཤེགས་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གི་གསུང་འབུམ་དབུ་འབྱེད་དང་སྦྲགས་རིགས་ལམ་སློབ་གཉེར་ཁང་གི་བྱས་པ་ཅན་གྱི་སློབ་ཟུར་མཚམས་པ་དགེ་སློང་བཀྲ་ཤིས་དོན་གྲུབ་ལགས་དང་། རྒན་རྒྱ་མཚོ་ལགས། དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་བཅས་བཞི་ལའང་ཆེ་བསྟོད་འཁོར་ལོ་གསུམ་གྱི་གཟེངས་བསྟོད་ཀྱང་སྩལ་གནང་སོང་།།

XS
SM
MD
LG