ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཐའེ་ཝན་གྱི་སྲིད་འཛིན་གྱིས་ཐའེ་ཝན་གྱི་ལོ་རྒྱུས་ཤེས་པའི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱེད་དགོས་གསུངས།


ཐའི་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་
ཐའི་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་

རེས་གཟའ་ཉི་མའི་ཉིན་ཐའི་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་དེ་སྔོན་ཐའི་ཝན་མང་ཚོགས་ཀྱི་བསམ་བློའི་ནང་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་བསྐྲུན་རྒྱུར་ཐའི་ཝན་གྱིས་གཞོགས་འདེགས་བྱེད་ཐུབ་སྲིད་པའི་ཡིད་ཆེས་བྱས་ཡོད་པ་དེ་ནོར་འཕྲུལ་རེད་ཅེས་དང་། དེ་འདྲའི་བསམ་བློ་འཁྱེར་བཟོ་ལ་ངོས་ལེན་གཏན་ནས་བྱེད་ཀྱི་མེད་ཅེས་གསུངས་པ་དང་ཆབས་ཅིག མཚོ་གླིང་རྒྱལ་ཁབ་དེའི་རིག་གཞུང་དང་ལོ་རྒྱུས་ཤེས་པའི་སྒོ་ནས་ཐེའི་ཝན་གྱི་བདག་དབང་སྲུང་སྐྱོབ་བྱེད་དགོས་པ་ཡིན་ཞེས་གསུངས་འདུག

ཐའི་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འདེམས་ཐོན་སྲིད་འཛིན་ལའེ་ཆིང་ཏེ་ནི་ཐའི་ཝན་རྒྱ་ནག་དང་ངོ་བོ་ཐ་དད་ཡིན་པར་ངོས་འཛིན་བྱེད་མཁན་གཙོ་བོ་གཅིག་ཡིན་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ནི་ཁ་བྲལ་རིང་ལུགས་པ་ཡིན་ལུགས་འགྲེལ་བརྗོདབྱས་ཏེ་ཁོང་ལ་ཧ་ཅང་ཁོང་ཁྲོ་ཆེན་པོས་མཚོ་གླིང་རྒྱལ་ཁབ་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལུགས་ཡང་ཡང་བརྗོད་ཀྱི་ཡོད།

དེ་ཡང་ཐེའི་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ལོ་རེའི་ཚོགས་ཆེན་ཐོག་སྲིད་འཛིན་ལའི་ཡིས་ཐེའི་ཝན་དེ་བཞིན་མི་མང་པོས་འཐབ་རྩོད་བྱས་ནས་ཕྱི་ལོ་༡༩༨༧ལོར་མི་གཅིག་དབང་འཛིན་རིང་ལུགས་མེད་པ་བཟོས་ཏེ་དམངས་གཙོའི་རྒྱལ་ཁབ་ཞིག་བསྐྲུན་ཡོད། སྐབས་དེར་དམངས་གཙོའི་ལམ་ལུགས་བསྐྲུན་རྒྱུར་འཐབ་རྩོད་བྱེད་མཁན་ཚོའི་བསམ་བློའི་ནང་རྒྱལ་ཁབ་འདི་ཇི་འདྲ་ཞིག་བཟོ་དགོས་མིན་གྱི་འཆར་སྣང་གསལ་པོ་བྱུང་སྟེ་རང་གི་ཚེ་སྲོག་ཚུན་བློས་གཏོང་བྱས་ཏེ་ད་ལྟའི་ཆར་འཛམ་གླིང་ནང་ཐའི་ཝན་གྱི་གནས་བབ་ཇི་འདྲ་ཞིག་ཆགས་ཡོད་མེད་གསལ་པོ་རྟོགས་ཐུབ་ཀྱི་ཡོད། དེ་འདྲའི་འཐབ་རྩོད་བྱེད་མཁན་ཚོའི་སེམས་ནང་མཚོ་གླིང་རྒྱལ་ཁབ་འདི་གལ་འགངས་ཆེ་བར་བརྩིས་ཡོད་པ་ལས་འབྱུང་འགྱུར་རྒྱ་ནག་སྐམ་ས་ཆེན་པོའི་དབང་དུ་བསྡུ་རྒྱུའི་བསམ་བློ་གཏོང་སྟངས་དེ་ནི་ནོར་འཕྲུལ་ཅན་ཞིག་ཡིན་པ་གསལ་པོ་བཟོས་ཡོད་རེད་ཅེས་གསུངས་འདུག

ཕྱི་ལོ་༡༩༤༩ལོར་མའོ་ཚེ་ཐུང་གིས་སྣེ་ཁྲིད་པའི་དམར་ཤོག་ཚོགས་པའི་དཔུང་དམག་དང་ནང་འཁྲུག་བྱུང་བའི་ནང་ཕམ་ཉེས་བྱུང་རྗེས་ཅང་ཀེ་ཤེག་གིས་སྣེ་ཁྲིད་པའི་གོ་མིང་ཏང་ཚོགས་པའི་ཕྱོགས་གཏོགས་རྣམས་ཐེའི་ཝན་མཚོ་གླིང་དུ་བྲོས་བྱོལ་ལ་བསྐྱོད་ཡོད་ཅིང་། ཅང་ཀེ་ཤེག་གི་བསམ་པར་ཐའི་ཝན་གྱི་ས་ཐོག་ནས་རྒྱ་ནག་ལ་དམག་འཐབ་བྱས་ཏེ་མའོ་ཚེ་ཐུང་གིས་སྣེ་ཁྲིད་པའི་དམར་ཤོག་ཚོགས་པར་ཕམ་ཉེས་གཏོང་དགོས་བསམ་ཡོད་ཀྱང་། དེ་འདྲའི་དམིགས་ཡུལ་དེ་མ་གྲུབ་པར་ ༡༩༧༥ ལོར་ཅང་ཀེ་ཤེག་འདས་གྲོངས་སོང་།

ཐེའི་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་ད་ཆ་ཐའི་ཝན་ལ་གལ་གནད་ཆེ་བའི་ལས་དོན་མི་འདྲ་བ་ཡོད་པའི་འགྲེལ་བརྗོད་བྱས་པ་དང་འབྲེལ་ང་ཚོའི་ལས་འགན་གཙོ་བོ་དེ་ནི་ཐའི་ཝན་མི་མང་རྣམས་མཐུན་བསྒྲིལ་རྡོག་རྩ་ཆིག་བསྒྲིལ་བྱས་ནས་རྒྱ་ནག་གིས་ཐའི་ཝན་དབང་སྒྱུར་བྱེད་ཐབས་ལ་ངོ་རྒོལ་བྱ་རྒྱུ། དེ་བཞིན་ཐའི་ཝན་གྱི་བདག་དབང་སྲུང་སྐྱོབ་བྱ་རྒྱུ་བཅས་རེད་ཅེས་གསུངས། ཁོང་གིས་གཏམ་བཤད་དེ་རྒྱ་སྐད་མ་ཡིན་པར་ཧོ་ཀིན་ཞེས་པའི་ཐའི་ཝན་གྱི་སྐད་ཐོག་གསུངས་འདུག

ཁོང་གིས་མུ་མཐུད་གསུངས་དོན་མི་འབོར་ས་ཡ་༢༣ཙམ་ཡོད་པའི་ཐའི་ཝན་མང་ཚོགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། རིག་གཞུང་། དེ་བཞིན་ངོ་བོ་བཅས་འཛམ་གླིང་མང་ཚོགས་ལ་གོ་རྟོགས་སྤེལ་ཐུབ་པ་བྱ་རྒྱུའི་འབད་བརྩོན་གང་ཡོང་བྱེད་དགོས་པ་ཡིན་ཞེས་གསུངས་འདུག རྒྱ་ནག་གིས་ཐའི་ཝན་དེ་བཞིན་རང་གི་མངའ་ཁོངས་ཞིང་ཆེན་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེར་ཐའི་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏིས་ངོས་ལེན་མ་གནང་བ་མ་ཟད། ཐའི་ཝན་གྱི་མ་འོངས་གནས་བབ་དེ་ཐའི་ཝན་མང་ཚོགས་ཀྱིས་ཐག་གཅོད་བྱེད་ཀྱི་རེད་ཅེས་གསུངས་འདུག ཐའི་ཝན་གྱི་སྲིད་འཛིན་ལའི་ཆིང་ཏེས་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་གྱི་འགན་དབང་བཞེས་མ་ཐག་རྒྱ་ནག་གིས་ཧ་ལམ་ཉིན་ལྟར་ཐའི་ཝན་ཕྱོགས་སུ་མཚོ་དམག་གྲུ་གཟིང་དང་། མཁའ་དམག་གནམ་གྲུ་སོགས་ཆེད་གཏོང་བྱས་ཏེ་སྡིག་སྐུལ་མུ་མཐུད་བྱས་དང་བྱེད་བཞིན་ཡོད། སྲིད་འཛིན་ལའི་ཆིག་ཏེས་ དམངས་གཙོའི་ལམ་ལུགས་ཀྱི་ཆབ་སྲིད་ལ་ཞན་ཆ་ཡོད་ནའང་། ཐའི་ཝན་གྱི་དམངས་གཙོའི་ལམ་ལུགས་དེ་མེད་པར་ནམ་ཡང་གྱུར་དུ་འཇུག་རྒྱུ་མེད་ཅིང་། ལྷག་པར་ཐའི་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ངོས་ནས་མཚོ་གླིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དམངས་གཙོ་དང་རང་དབང་ཡོད་པ་གསལ་བཏོན་བྱས་པ་དེར་འགྱུར་བ་མེད་པར་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་འདུག

རུའི་ཀྲར་གསར་ཁང་དང་ཐའེ་ཝན་གསར་ཁང་ནས་གནས་ཚུལ་བཏུད།

གསར་འགོདཔ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG