ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

བོད་ནང་ནས་ཡུ་ཀྲུབ་བརྙན་བཟོ་མཁན་ཚོར་དམ་དྲག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོ་ཕྱི་ཟླ་དྲུག་པ་ཡས་མས་ཙམ་ནས་ལྷ་སར་གནས་སྡོད་བོད་མི་སྒེར་གྱི་ཡུ་ཀྲུབ་བརྙན་བཟོ་མཁན་དང་སྤེལ་མཁན་ཁ་ཤས་ལ་རྒྱ་གཞུང་ཉེན་རྟོག་པས་འབོད་འགུག་དང་དྲི་ཞིབ་བྱས་ཏེ་རྒྱ་གཞུང་གིས་དྲ་རྒྱའི་དོ་དམ་ཁྲིམས་སྲོལ་དང་འགལ་བ་དང་ཆོག་མཆན་མེད་པར་ཡུ་ཀྲུབ་བརྙན་བཟོ་སྐྲུན་བྱས་པའི་ཉེས་མིང་འོག་ཡུ་ཀྲུབ་བརྙན་བཟོ་སྐྲུན་མི་ཆོག་པའི་དམ་དྲག་བྱས་འདུག་ཅེས་རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་དོན།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ནང་ལོ་ཁ་ཤས་གོང་ལྷ་སའི་ནང་ལོ་གཞོན་པ་ཚོའི་ནང་ཕྱི་རྒྱལ་གྱི་ཡུ་ཀྲུབ་ཟེར་བའི་ལྟད་མོ་དེ་བཟོ་མཁན་དང་དེ་ལ་དགའ་པོ་བྱེད་མཁན་མང་དུ་ཕྱིན་སོང་སྤྱིར་བཏང་བོད་ནང་ལ་ཡུ་ཀྲུབ་ལྟད་མོ་དེ་བཀག་ཡོད་པ་རེད། ཡིན་ནའི་ང་རང་གི་ཤེས་ཡས་ལ་ལྷ་སའི་ནང་ལོ་གཞོན་པ་ཁ་ཤས་ཀྱིས་དྲ་རྒྱ་བཀག་མ་ཐུབ་པའི་གཉེན་ཆས་བེད་སྤྱོད་བཏང་ནས་ཡུ་ཀྲུབ་བརྙན་བཟོས་ཏེ་ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚོས་ལྟ་ཐུབ་ཀྱི་ཡོད་ས་རེད་ དེ་ནས་ཡུ་ཀྲུབ་ཟེར་བ་དེ་ལྟད་མོ་དེ་ལྟ་མཁན་མང་པོ་བྱུང་ན་སོ་སོ་ལ་དངུལ་རག་གི་ཡོད་ས་རེད་བོད་ནང་ལོ་གཞོན་པའི་ནང་ལས་ཀ་དེ་བྱེད་མཁན་མང་དུ་འགྲོ་གིི་འདུག ཡིན་ནའི་ད་ལོ་ཕྱི་ཟླ་དྲུག་པ་ཡས་མས་ནས་ཡུ་ཀྲུབ་བཟོ་མཁན་དེ་ཚོ་ལ་ལྷ་སའི་ཉེེན་རྟོག་པས་སྐད་བཏང་ནས་དྲི་ཞིབ་བྱས་པ་དང་ཆོག་མཆན་མེད་པར་ཡུ་ཀྲུབ་བརྙན་བཟོ་ཡས་དེ་དྲ་རྒྱའི་དོ་དམ་སྒྲིག་སྲོལ་དང་འགལ་ཡོད་པ་སོགས་བཤད་ནས་རྗེས་སུ་ཡུ་ཀྲུབ་བརྙན་བཟོ་མི་ཆོག་པ་དང་གལ་སྲིད་སྒྲིག་སྲོལ་དང་འགལ་ནས་མུ་མཐུད་གནས་ཚུལ་ལྷག་པ་ཡིན་ན་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ་ཡིན་པའི་དམ་དྲག་བྱས་འདུག་ཡུ་ཀྲུབ་བཟོ་མཁན་ང་རང་གི་ངོ་ཤེས་པ་དེ་འདྲ་ཡང་ཡོད། ཡིན་ནའི་ཁོ་ཚོའི་མིང་བཤད་ན་འགྲིག་གི་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ཡང་བོད་ནང་གི་བོད་མིས་བཟོས་པའི་ཡོ་ཀྲུབ་བརྙན་གཟིགས་མཁན་བཙན་བྱོལ་རྒྱ་གར་ནང་བཞུགས་པའི་བོད་མི་ཞིག་གིས་བརྗོད་ན་དེ་སྔོན་ཁོང་གིས་ལྷ་ས་ནས་བོད་པས་་བཟོས་པའི་ཡུ་ཀྲུབ་བརྙན་དེ་ཚོ་གཟིགས་ཐུབ་ཀྱི་ཡོད་ཀྱང་འདི་ལོའི་ཟླ་བ་ཁ་ཤས་གོང་ནས་ལྟ་མ་ཐུབ་པ་ཆགས་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཆབས་ཅིགའདི་ག་གསར་འགོད་པས་དེ་སྔ་དྲ་ལམ་དུ་ཡུ་ཀྲུབ་ནང་བོད་ནང་གི་གཞོན་སྐྱེས་བོད་མི་སྒེར་པ་ཚོས་བཟོས་པའི་བརྙན་ལྟ་རྒྱུ་ཡོད་པ་དེ་ཚོ་ད་ལྟ་ཡོད་མེད་ཞིབ་བཤེར་བྱེད་སྐབས་འདི་ལོའི་ཕྱི་ཟླ་ལྔ་པའི་རྗེས་ནས་བརྙན་གསར་པ་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད་དེ་སྔོན་བཟོས་པའི་བརྙན་རྣམས་ཀྱང་དེང་སྐབས་མཐོང་རྒྱུ་མེད་པར་གྱུར་འདུག འོན་ཀྱང་རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་དང་འབྲེལ་བའི་བརྙན་རྣམས་དང་ཕྱི་རྒྱལ་ནས་གཉེན་ཕྲད་དང་ཡུལ་སྐོར་དུ་ཡོང་བའི་བོད་པ་དང་ཕྱི་རྒྱལ་ཡུལ་སྐོར་བས་བཟོས་པའི་བརྙན་མ་གཏོགས་མཐོང་རྒྱུ་མེད་པར་གྱུར་འདུག དེ་མིན་ཀྲིག་ཀྲོག་དང་མགྱོགས་འཕྲིན་ཐད་གཏོང་གི་གཞས་དང་རྩེད་མོ་དང་འབྲེལ་བའི་བརྙན་ཐུང་དེ་ཚོ་ཡུ་ཀྲུབ་ནང་སྔར་བཞིན་མཐོང་རྒྱུ་འདུག

སྤྱིར་དེང་སྐབས་སྤྱི་ཚོགས་དྲ་རྒྱའི་དུས་རབས་ནང་ཡུ་ཀྲུབ་ཟེར་བའི་བརྙན་ལམ་དེ་ནི་འཛམ་གླིང་གར་སར་དར་བཟོ་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད་མི་རྣམས་ཀྱིས་སོ་སོའི་དགའ་མོས་དང་དམིགས་ཡུལ་ལ་གཞིགས་པའི་རང་ཉིད་ཀྱི་ཁོར་ཡུག་དང་འཚོ་བའི་གནས་ཚུལ་དང་ཤེས་བྱ་སྣ་ཚོགས་བརྙན་ལམ་ཐོག་ནས་གཞན་དང་མཉམ་སྤྱོད་བྱས་ཏེ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་རོལ་ས་དང་ལས་ཞོར་དུ་དཔལ་འབྱོར་གྱི་ཁེ་ཕན་བཙལ་སའི་སྡིང་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། བོད་ནང་ལ་ཆ་མཚོན་ན་ལོ་ངོ་ཁ་ཤས་གོང་ནས་རྒྱ་ནག་གཞུང་འབྲེལ་གྱི་སྟངས་འཛིན་འོག་ཡོད་པའི་སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་དང་མཐུན་པའི་ཡུ་ཀྲུབ་བཟོ་མཁན་རེ་གཉིས་ཤིག་ཡོད་ཀྱང་རྒྱ་ཆེའི་མང་ཚོགས་ལ་གཞུང་གི་དྲ་རྒྱའི་བཀག་སྡོམས་དང་དྲག་འོག་ནས་ཕྱིའི་རྒྱལ་ཁབ་ནང་ཡོད་པ་བཞིན་རང་དབང་གི་འཁོར་ཡུག་ནང་ཡུ་ཀྲུབ་བཟོ་མཁན་ཧ་ལམ་གཅིག་ཀྱང་བྱུང་མེད་པ་རེད། འོན་ཀྱང་ལོ་ངོ་གཉིས་ཙམ་གོང་ནས་བོད་ནང་ལྷ་ས་གཙོས་པའི་བོད་ནང་གཞོན་སྐྱེས་ཁ་ཤས་ཀྱིས་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་ཡོ་ཀྲུབ་བཟོ་མཁན་ཁ་ཤས་བྱུང་ཡོད་པ་དང་ད་དུང་ཡོ་ཀྲུབ་བཟོ་མཁན་གསར་པ་ཡང་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་དེར་རྒྱ་གཞུང་གིས་དྲ་བརྒྱའི་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་ཁ་གཡར་ཏེ་བཀག་སྡོམས་བྱས་ཡོད་པ་རེད།

XS
SM
MD
LG