ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

༧གོང་ས་མཆོག་གིས་ས་གནས་འགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༥ པའི་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་མགོན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཁོང་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་གནང་བའི་བཀའ་སློབ་ནང་། རྒྱུན་དུ་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་དབང་གིས་མི་དང་མིའི་བར་ལ་མི་འཆམ་པའམ་རྩོད་པའི་གཞི་ཆགས་པའི་ཚེ་མགོན་པོ་གང་ཉིད་ཀྱི་ཞལ་རས་ཡིད་ལ་དྲན་ཏེ་སེམས་བག་ལྷོད་དུ་གཏོང་དགོས་པའི་བཀའ་སློབ་དང་སྦྲགས་རྒྱུན་དུ་༧གོང་ས་མཆོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གཙང་མ་ཞིག་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་པ་ལྟར། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་བོད་པ་རང་གིས་བདག་ཉར་བྱེད་ཐུབ་པ་ཞིག་དང་། དེས་རྒྱ་མི་རིགས་ལ་ཡང་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་གི་ཡོད་པའི་སྐོར་ལའང་བཀའ་སློབ་སྩལ་གནང་འདུག་ལ། འཛམ་བུ་གླིང་འདིའི་ནང་སྐྱབས་བཅོལ་བ་མང་པོ་ཡོད་པའི་ནང་ནས་བོད་མི་སྐྱབས་བཅོལ་བ་ཚོས་སོ་སོའི་ཆོས་དང་རིག་གཞུང་མུ་མཐུད་མི་ཉམས་རྒྱུན་འཛིན་གནང་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་མི་ལྷོད་ལྷོད་ཅིག་ཆགས་ཀྱི་ཡོད་པ་སོགས་ལའང་བཀའ་སློབ་སྩལ་གནང་འདུག
གཞི་རྩའི་ད་རེས་ཀྱི་མཇལ་བཅར་བ་རྣམས་ནི། འདི་ཚེས་ ༦ ཉིན་འགོ་འཛུགས་གནང་བའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༥ ནང་མཉམ་བཞུགས་གནང་མཁན་རྣམས་ཡིན་པ་དང་། ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་བལ་ཡུལ་གྱི་ས་གནས་གཅིག་ཕུད་པའི་གཞན་ས་གནས་ཁག་ཚང་མའི་ས་གནས་འགོ་འཛིན་ ༤༥ ལྷན་འཛོམས་ཀྱིས། དེ་སྔ་འཚོགས་གནང་བའི་སྐབས་ ༡༤ པའི་འཛིན་སྐྱོང་ཚོགས་འདུའི་སྐབས་ཀྱི་གྲོས་ཆོད་ཁག་ལ་དབུས་དང་ས་གནས་གཉིས་ནས་ལག་བསྟར་ཇི་ལྟར་གནང་ཡོད་མེད་ཀྱི་སྙན་སྒྲོན་དང་སྦྲགས། གཙོ་བོ་གྲོས་གཞི་དོན་ཚན་བརྒྱད་ཀྱི་ཐད་ལ་བཀའ་བསྡུར་དང་། དེ་དག་ཀྱང་གཙོ་བོ་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་གི་ལས་དོན་ལ་འགན་ཁུར་ཞུ་ཕྱོགས་གཙོས་པས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་དང་འབྲེལ་བའི་སྐོར། དེ་བཞན་གཞིས་ཆགས་ཁག་ལ་ས་ཞིང་འདེ་བས་ལས་བྱེད་ཕྱོགས། ས་གནས་ཁག་ལ་ལས་གཞི་གསར་སྐྲུན། ན་གཞོན་རོགས་སྐྱོར་སོགས་ཀྱི་སྐོར་ལ་ཡིན་པ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

XS
SM
MD
LG