ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

ཞིས་ཅིན་ཕིང་གིས་གྲི་ཁ་ནང་དུ་གཏད་ནས་ལྐོག་ཟ་རྩ་མེད་ཐོངས་ཞེས་བསྐུལ།


ཞིས་ཅིན་ཕིང་གི་གཏམ་བཤད།
ཞིས་ཅིན་ཕིང་གི་གཏམ་བཤད།

༢༠༢༤།༡༢།༡༦

ཨ་རིའི་རླུང་འཕྲིན་ཁང་།

༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་དམར་ཤོག་ཚོགས་པས་གྲི་ཁ་ནང་དུ་གཏད་ནས་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཕྱི་ཟླ་༡༢་པའི་ཚེས་༡༦་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་ནས་ལོ་བཅུ་ཕྲག་གཅིག་ལྷག་ཕྱིན་པའི་རིང་དེར་ལྐོག་ཟ་རུལ་སུངས་སུ་གྱུར་པའི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་སྟག་རྒན་དང་དམའ་རིམ་ལས་སྣེ་ཚོར་སྦྲང་མ་ཞེས་མིང་བཏགས་ནས་ཁྲིམས་ལ་སྦྱོར་རྒྱུ་འགོ་ཚུགས། ཞིས་ཅིན་ཕིང་གིས་ཅི་ཙམ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ན་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་ཁྲིམས་འགལ་དང་ལྐོག་ཟ་བྱ་རྒྱུ་སྔར་ལས་སྡུག་ཏུ་སོང་། ལྷག་པར་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱི་རུ་བསྐྲད།།

དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཆུག་ཧྲི་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་ཁེ་ཕན་དོན་གཉེར་ཚོགས་པ་ཁག་དང་དབང་ཆ་ཡོད་པའི་སྒྲིག་འཛུགས་ཁག དེ་བཞིན་དམིགས་བསལ་གྲལ་རིམ་བ་ཚོས་འཕྲོག་བཅོམ་མམ། ཡང་ན་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་རུལ་སུངས་སུ་བསྒྱུར་དུ་འཇུག་མི་ཉན། ཡུལ་དུས་ཀྱི་གནས་སྟངས་ལ་གཞིགས་ནས་དམར་ཤོག་ཚོགས་པར་འགྱུར་བ་གཏོང་དགོས་པས་ནང་ཁུལ་དུ་འཐབ་རྩོད་དང་དཀའ་སྣ་ཚོགས་ཤིག་འཕྲད་རྒྱུ་ལྡོག་ཐབས་བྲལ། རྒྱ་ནག་དམར་ཤོག་ཚོགས་པ་དུས་དང་རྣམ་པ་ཀུན་ཏུ་སྟོབས་ཤུགས་ལྡན་པ་དང་ཟུངས་ཤུགས་ལྡན་པ་ཞིག་ཏུ་འགྱུར་བར་གྲི་ཁ་ནང་དུ་གཏད་ནས་དུས་ཐོག་ཏུ་རུལ་སུངས་རྩ་མེད་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཞིས་ཅིན་ཕིང་གི་གཏམ་བཤད་དེ་ན་ནིང་ཕྱི་ཟླ་དང་པོའི་ཚེས་༨་ཉིན་དམར་ཤོག་ཚོགས་པའི་ལྐོག་ཟ་བཀག་སྡོམ་ཚོགས་འདུའི་ཐོག་ཏུ་བྱས་འདུག

ཟླ་བ་སྔོན་མར་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་(Miao Hua)་ཡིས་ཁྲིམས་འགལ་ཚབས་ཆེན་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།
ཟླ་བ་སྔོན་མར་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་(Miao Hua)་ཡིས་ཁྲིམས་འགལ་ཚབས་ཆེན་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།

ཉམས་ཞིབ་པ་ཚོས་དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་ནས་ཞིས་ཅིན་ཕིང་གི་གཏམ་བཤད་དེ་ཕྱིར་བསྒྲགས་བྱས་པར་གཞིགས་ཚེ། རྒྱ་ནག་གི་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་འགྱུར་གྱི་ཡོད་པ་སྔར་ལས་ཉེན་ཚབས་ཆེ་རུ་ཕྱིན་ཡོད་པ་ར་འཕྲོད། ཞིས་ཅིན་ཕིང་གིས་རུལ་སུངས་ལ་འཐབ་རྒོལ་དང་རྒྱ་ནག་གི་རིམ་འགོ་ཁྲིད་ཚོ་ཁྲིམས་ལ་སྦྱར་ནས་གནས་དབྱུང་གཏང་རྒྱུ་མཚམས་འཇོག་བྱ་འཆར་མེད་པའི་རྟགས་མཚན་རེད་ཅེས་གོ་བ་བླངས། ཟླ་བ་སྔོན་མར་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་ནས་དབུས་དམག་དོན་ལྷན་ཁང་གི་འཐུས་མི་དང་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་(Miao Hua)་ཡིས་ཁྲིམས་འགལ་ཚབས་ཆེན་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། སྔ་ལོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་༦༡༠༠༠༠་ལྷག་ལ་ཁྲིམས་འགལ་བྱས་པའི་ནག་ཉེས་ཕོག མི་དེ་དག་གི་གྲས་ནས་མི་༤༩་བློན་ཆེན་གཞོན་པ་དང་ཞིང་ཆེན། གྲོང་ཁྱེར་ཁག་གི་གཙོ་འཛིན་གྱི་གོ་གནས་ཡོད་པ་ཤ་སྟག་ཡིན་འདུག

ཕྱི་ཟླ་༡༢་པའི་ཚེས་༡༦་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཞིས་ཅིན་ཕིང་གི་གཏམ་བཤད་དེ་ལོ་གཅིག་མ་ཟིན་ཙམ་ལ་ཕྱིར་བསྒྲགས་མ་བྱས་པར་མ་ཟད། གཟའ་ཟླ་བའི་ཉིན་ཞིས་ཅིན་ཕིང་གི་གཏམ་བཤད་ཆ་ཚང་ཡང་ཕྱིར་བསྒྲགས་མ་བྱས་པའི་རྒྱུ་མཚན་ཅི་ཡིན་ཡང་གསལ་བཀྲོལ་མ་བྱུང་། ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་ནས་གཞུང་གི་ལས་བྱེད་པ་ཚོ་སྐྲག་ནས་དཔའ་ཞུམ། ཁོ་ཚོས་ལས་དོན་གང་ཡང་སྒྲུབ་ཐུབ་ཀྱི་མེད་པས་དཔལ་འབྱོར་སླར་གསོ་མ་ཐུབ། བདུན་ཕྲག་སྔོན་མར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ས་གནས་ཁག་གི་འགོ་ཁྲིད་ཚོས་དམར་ཤོག་ཚོགས་པའི་ལམ་སྟོན་ཁག་ལག་ལེན་ཚུལ་བཞིན་བསྟར་དགོས། ས་གནས་འགོ་ཁྲིད་ཚོར་ལེགས་གསོལ་སྤྲོད་རྒྱུ་འགོ་འཛུགས་དགོས་ཞེས་བསྐྱར་དུ་བཟློས། ཞིས་ཅིན་ཕིང་གི་གཏམ་བཤད་ཚན་པ་ཞིག་ཕྱིར་བསྒྲགས་བྱས་པ་དེས་ལྐོག་ཟ་རུལ་སུངས་རྩ་མེད་གཏང་རྒྱུ་གཙིགས་སུ་བཟུང་ཡོད་པ་མཚོན་ཐུབ།།

ཐོག་མར་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱས་པའི་སྐབས་སུ་ཁ་གཏད་ཤོག་ཁག་གི་དམག་སྤྱི་རྣམས་གོ་གནས་ཕབ། ཁོ་ཚོའི་ཚབ་ཏུ་རང་ཕྱོགས་ཀྱི་མི་རྣམས་བསྐོས། ད་ལྟ་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་ཞིས་ཅིན་ཕིང་གིས་བསྐོས་པའི་དམག་དཔོན་རྣམས་ལྐོག་ཟ་བྱས་ནས་རུལ། འདས་པའི་ལོ་རྒྱུས་ནང་དུ་འགོ་ཁྲིད་དབང་ཐང་ཅན་ཚོར་བྱུང་མྱོང་ཡོད་པ་ལྟར་ཞིས་ཅིན་ཕིང་གིས་ཀྱང་སོ་སོས་ཕྱོགས་གཏོགས་ཀྱི་མཐོ་རིམ་འགོ་ཁྲིད་ཚོར་འཐབ་རྒོལ་བྱ་དགོས་པའི་དུས་ཤིག་ཤར། ཟླ་བ་སྔོན་མར་གནས་དབྱུང་བཏང་བའི་རྒྱ་ནག་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་ལོ་མང་རིང་ཞིས་ཅིན་ཕིང་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། ཁོ་པ་ཞིས་ཅིན་ཕིང་གིས་གོ་གནས་སྤར་བའི་དམག་དཔོན་མཐོ་ཤོས་ཤིག་ཡིན་པས་ཉམས་ཞིབ་པ་ཚོས་དེང་སྐབས་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ནང་དུ་བློ་ཁེལ་སའི་མི་ཞིག་རྙེད་ཀྱི་མེད་པ་འདྲ་ཞེས་བཀྲལ།།

ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མིའོ་ཧྭ་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་ཆབ་སྲིད་སྡེ་ཚན་གྱི་འགོ་ཁྲིད་ཡིན་པས་ཆབ་སྲིད་ཀྱི་སློབ་གསོ་དང་ལས་སྣེ་བསྐོ་བཞག་གི་དབང་ཆ་བཟུང་། ན་ནིང་དབྱར་དུས་ནས་ཞིས་ཅིན་ཕིང་གིས་རྒྱལ་སྲུང་བློན་ཆེན་གཉིས་ཚུད་པའི་མཐོ་རིམ་དམག་དཔོན་བཅུ་ལྷག་གནས་དབྱུང་བཏང་བའི་གྲས་སུ་མིའོ་ཧྭ་ཚུད། ཞིས་ཅིན་ཕིང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཧྥུ་ཅན་ཞིང་ཆེན་གྱི་ལས་སྣེ་ཞིག་ཡིན་པའི་སྐབས་ནས་མིའོ་ཧྭ་དང་འབྲེལ་བ་ཆགས། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་དང་དམར་ཤོག་ཚོགས་པར་གཞུང་དྲང་བློ་དཀར་ཡིན་ཟེར་བའི་མི་རྣམས་ལྐོག་ཟ་རུལ་སུངས་སུ་གྱུར་ན་རྒྱ་ནག་གི་ལྐོག་ཟ་རུལ་སུངས་འགོག་ཐུབ་བམ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་འཐབ་འཁྲུག་གི་ནུས་པ་ཡོད་དམ་ཞེས་དྲིས།།

ཞིས་ཅིན་ཕིང་གིས་ལོ་བཅུའི་གོང་ནས་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་དུ་བསྒྱུར་ཏེ་འཛམ་གླིང་གི་དམག་དཔུང་རྩེ་ཕུད་གྲས་སུ་སླེབས་ཐུབ་པའི་དམིགས་ཡུལ་བཅངས། རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱེད་པར་ཨ་མི་རི་ཀར་ཁ་གཏད་གཅོག་རྒྱུའི་འབད་བརྩོན་བྱས་མོད། འོན་ཀྱང་མིའོ་ཧྭ་གནས་དབྱུང་གཏོང་དགོས་བྱུང་བས་རྒྱ་ནག་ལ་ལྐོག་ཟ་རུལ་སུངས་སུ་གྱུར་མེད་པའི་དམག་སྤྱི་ཞིག་ཡོད་དམ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་འགྲོ་གྲོན་བཏང་བའི་རྒྱལ་ཡོངས་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཇཱོལ་ཝུ་ཏ་ནོས་(Joel Wuthnow)་དམག་འཁྲུག་ཅིག་ལངས་ན་ཞིས་ཅིན་ཕིང་ལ་དམག་འཁྲུག་གི་སྣེ་ཁྲིད་ཐུབ་པའི་དམག་སྤྱི་ཞིག་ཡོད་མེད་ཐེ་ཚོམ་རེད། ཞིས་ཅིན་ཕིང་གིས་ཐད་ཀར་བསྐོས་པའི་མི་རྣམས་གཞུང་དྲང་བློ་དཀར་མིན་ན་དཀའ་ངལ་ཆེན་པོ་ཞིག་རེད། ཞིས་ཅིན་ཕིང་གིས་སོ་སོའི་ཕྱོགས་གཏོགས་ཀྱི་མི་རྣམས་དབྱུང་གཏོང་གི་ཡོད་པ་ནི་མའོ་ཙེ་ཏུང་གི་སྤྱོད་པ་དང་གཅིག་མཚུངས་རེད་ཅེས་བསྟན།།

སིངྒ་པུར་གྱི་ཨེ་སི་ར་ཇ་ར་ཏ་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་ཉམས་ཞིབ་པ་ཇཱེམ་སི་ཆར་(James Char)་བཤད་པ་ལྟར་ན། ཞིས་ཅིན་ཕིང་རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་དུ་ཡོད་པའི་སྐབས་སུ་སྐམ་དམག་དཔུང་སྡེ་༣༡་པར་བསྐྱོད་ནས་མིའོ་ཧྭ་ངོ་ཤེས་སུ་གྱུར་པ་དང་༢༠༡༤་ལོར་ཞིས་ཅིན་ཕིང་གིས་མིའོ་ཧྭ་གོ་གནས་སྤར་ཏེ་མཚོ་དམག་གི་ཆབ་སྲིད་སྐུ་ཚབ་ཏུ་བསྐོས། རྒྱ་ནག་གི་སྐམ་དམག་ཁོངས་ནས་མཚོ་དམག་གི་མཐོ་རིམ་ཆབ་སྲིད་འཐུས་མི་བསྐོས་པནི་སྲོལ་རྒྱུན་དང་འགལ། དེ་ནས་ལོ་གསུམ་གྱི་རྗེས་སུ་མིའོ་ཧྭ་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་འཐུས་མིར་བདམས། ཞིས་ཅིན་ཕིང་གིས་རྒྱ་ནག་གི་མཚོ་དམག་དེ་མི་དམངས་བཅིངས་འགྲོལ་དམག་གི་སྲོག་རྩ་ལྟ་བ་ཞིག་ཏུ་བརྩིས། ད་ལོ་མིའོ་ཧྭ་ཞིབ་འཇུག་བྱ་ཡུལ་དུ་གྱུར་པར་ཞིས་ཅིན་ཕིང་ཧང་སང་ཡོད་ཤས་ཆེ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པའི་ཚད་གཞི་ནི་སུ་གཅིག་གིས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

གླེང་སྟེགས།

XS
SM
MD
LG