༄༅།། རྒྱ་ནག་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་(Miao Hua)་གནས་དབྱུང་བཏང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆན་(Wu Qian)་གྱིས་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་སྒྲིག་ཁྲིམས་འགལ་འཛོལ་ཚབས་ཆེན་བྱུང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། མིའོ་ཧྭ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་དབུས་དམག་དོན་ལྷན་ཁང་གི་འཐུས་མི་དང་དབུས་དམག་དོན་ལྷན་ཚོགས་ཀྱི་ཆབ་སྲིད་ལས་དོན་ཁང་གི་འགན་འཛིན་ཡིན་ཞིང་། རྒྱ་ནག་གཞུང་གིས་མཐོ་རིམ་འགོ་ཁྲིད་གང་ཞིག་གིས་སྒྲིག་ཁྲིམས་འགལ་འཛོལ་བྱུང་བ་རེད་ཅེས་འགྲེལ་བཤད་བརྒྱབ་ན་ལྐོག་ཟ་བྱས་པར་གོ་དགོས་པའི་གནས་ཚུལ་ཐོན་འདུག
ལོ་ན་༦༩་ལ་སོན་པའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་དང་སྲིད་འཛིན་ཞིས་ཅིན་ཕིང་གཉིས་མཐུན་གྲོགས་ཡིན་པ་ཡོངས་གྲགས་སུ་གྱུར་། ལོ་རབས་༩༠་དང་༢༠༠༠་གི་དུས་སུ་ཞིས་ཅིན་ཕིང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཧྥུ་ཅན་ཞིང་ཆེན་གྱི་མཐོ་རིམ་འགོ་ཁྲིད་ཅིག་ཡིན་པའི་སྐབས་དེར་མིའོ་ཧྭ་ས་གནས་དེར་དམག་ཁོངས་སུ་ཞུགས་ཡོད་ཅིང་། རྒྱ་ནག་གཞུང་གིས་མིའོ་ཧྭ་གནས་དབྱུང་བཏང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་མ་བྱས་པའི་སྔ་ཉིན་ཏེ། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅུན་(Dong Jun)་གནས་དབྱུང་བཏང་ནས་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གསར་འགྱུར་ཐོན། འདི་ནི་ལོ་གཅིག་ལྷག་གི་ནང་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་དང་རྒྱལ་སྲུང་བློན་ཆེན་ཟུར་པ་ཞིག མཚོ་དམག་གི་སྤྱི་ཁྱབ་བཀོད་འདོམས་བཅས་མི་འགའ་ཞིག་ལ་ལྐོག་ཟའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱ་དགོས་པར་གྱུར་པའི་གནས་ཚུལ་ཐོན་འདུག
ཉམས་ཞིབ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པར་འགོག་རྒོལ་བྱས་ནས་ལོ་བཅུ་ཕྲག་གཅིག་ལྷག་འདས། ༢༠༢༣་གཅིག་པུར་ཞིས་ཅིན་ཕིང་གིས་རྒྱལ་སྲུང་བློན་ཆེན་ཚུད་པའི་དམག་དང་རྒྱལ་སྲུང་བཟོ་ལས་ཁག་གི་མཐོ་རིམ་འགོ་ཁྲིད་༢༠་ཡས་མས་ཤིག་གནས་དབྱུང་བཏང་ནས་ཁྲིམས་ལ་སྦྱར། འོན་ཀྱང་རྒྱ་ནག་གི་དམག་དཔུང་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་འགོག་མ་ཐུབ་པར་སྡུག་ཏུ་སོང་། ད་ལྟ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མགོ་མཇུག་བར་གསུམ་ལྐོག་ཟ་རུལ་སུངས་སུ་གྱུར་ནས་འཐབ་འཁྲུག་གི་ནུས་པ་ཉམས། ནམ་ཞིག་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ལྷོ་ཀོ་རི་ཡ་སོགས་ལ་ཁ་གཏད་གཅོག་དགོས་ཚེ། རྒྱ་ནག་གི་དམག་དཔུང་འཐབ་འཁྲུག་གི་ནུས་པ་མེད་པའི་ཤོག་གུའི་སྟག་ལྟ་བུ་ཞིག་ཏུ་འགྱུར་སྲིད་ཅེས་བཀྲལ།།
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲང་ཧྥུ་(Li Shangfu)་དང་ཝེ་ཧྥེང་ཧེ་(Wei Fenghe)་གཉིས་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཕོག་ནས་དམར་ཤོག་ཚོགས་པའི་ཁོངས་སུ་ཕྱི་རུ་ཕྱུང་། དེའི་སྔོན་དེར་མི་དམངས་བཅིངས་འགྲོལ་དམག་གི་འཕུར་མདེལ་དཔུང་སྡེ་དང་རྡུལ་ཕྲན་མཚོན་ཆའི་དཔུང་སྡེའི་འགོ་ཁྲིད་གཉིས་ཀྱང་གནས་དབྱུང་བཏང་ནས་ཉེས་ཁྲིམས་བཅད། ཝ་ཤིང་ཊོན་གྱི་འཐབ་ཇུས་དང་རྒྱལ་སྤྱི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧེ་དྷར་ཝི་ལིམ་སི་(Heather Williams)་ཡིས་རྒྱ་ནག་གི་དམག་དཔུང་ལྐོག་ཟ་རུལ་སུངས་སུ་གྱུར་ན་འཐབ་འཁྲུག་གི་ནུས་པ་ཉམས་རྒྱུ་བརྗོད་ཅི་དགོས། ཞིས་ཅིན་ཕིང་ནས་རྒྱ་ནག་གི་མངའ་ཐང་བསྐྱར་དར་བྱེད་དུ་འཇུག་རྒྱུ་ཡིན་ཟེར་གྱི་ཡོད་པའང་འགྲུབ་དཀའ་ཞེས་དཔྱད་རྩོམ་བྲིས། ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་ཞིག་གིས་ཀྱང་ཏུང་ཅུན་གནས་དབྱུང་བཏང་བ་བདེན་ན་མི་དམངས་བཅིངས་འགྲོལ་དམག་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་ང་ཚོས་ཚོད་དཔག་བྱས་པ་ལས་ཀྱང་ཚབས་ཆེ་བ་ར་འཕྲོད་ཀྱི་འདུག་ཅེས་བསྟན།།
རྒྱ་ནག་གིས་ཕྱོགས་གཅིག་ནས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་འཁོར་དུ་ཆགས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད། ཕྱོགས་གཞན་དེར་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དྲག་པོའི་དཔུང་སྡེ་དེ་ལྐོག་ཟ་རུལ་སུངས་སུ་གྱུར་ནས་དམག་འཁྲུག་ཆེན་པོ་ཞིག་རྒྱག་ཐུབ་པའི་སྟོབས་ཤུགས་མེད། བྷུ་ལུམ་བྷག་གསར་ཁང་གིས་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གིས་ས་འོག་ཏུ་བཙུགས་པའི་འཕུར་མདེལ་ཁག་ཅིག་གི་དོང་ཁ་འབྱེད་མི་ཐུབ་པ་དང་འཕུར་མདེལ་ནང་གི་སྣུམ་གྱི་ཚབ་ཏུ་ཆུ་བླུགས། དམག་མི་ཚོས་འཕུར་མདེལ་ཁོག་གི་སྣུམ་བཏོན་ཏེ་རྒྱ་ཁོག་གཡོ་སྐོལ་གྱི་མེ་ཤིང་ཚབ་ཏུ་བུས། རྒྱ་ནག་གི་དམག་དཔོན་ཚོས་རྒྱལ་སྲུང་འགྲོ་གྲོན་རྣམས་སྒེར་དོན་ལ་ལོངས་སུ་སྤྱད་ནས་རྒྱས་སྤྲོས་ཀྱི་འཚོ་བར་རོལ། དམག་མི་བྱིངས་ལ་དགོས་ངེས་ཀྱི་སྦྱོང་བརྡར་དང་མཚོན་ཆ། འཚོ་བའི་མཐུན་རྐྱེན་མེད་པར་སེམས་ཤུགས་ཆག་འདུག་ཅེས་ཨ་རིའི་ཚན་རིག་པའི་མནའ་འབྲེལ་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ།།
ཞིས་ཅིན་ཕིང་གིས་ཡང་ནས་ཡང་དུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་པར་ཐེ་ཝན་ལ་དམག་རྒྱག་དགོས་ཀྱང་འཛེམ་ཟོན་མེད་ཅེས་སྡིགས་ར་བསྐུལ། ཉམས་ཞིབ་པ་ཚོས་༢༠༢༧་ལོར་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་སློང་རྒྱུའི་རྣམ་པ་ཞིག་མངོན་ཞེས་གླེང་། ཨ་རིའི་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཇཱོལ་ཝུ་ཐ་ནོས་(Joel wuthnow)་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ན་ཞིས་ཅིན་ཕིང་གི་ལག་ཏུ་དམག་དཔོན་ཡིད་ཆེས་ཐུབ་ས་ཞིག་རག་གི་མེད་པ་འདྲ། ༢༠༢༧་བར་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས་ཞེས་ལས་འགན་བཅོལ་ཡོད་པ་འགྲུབ་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་ལྟ་ཚུལ་བརྗོད། ཟླ་བ་འདིར་ཞིས་ཅིན་ཕིང་རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་ཆགས་པའི་གནམ་དམག་གི་དམག་སྒར་ཞིག་ཏུ་བསྐྱོད་ནས་ང་ཚོས་རང་གི་ལས་འགན་དང་དམིགས་ཡུལ་རྣམས་སེམས་ལ་འཛིན་དགོས། ལྐོག་ཟ་རུལ་སུངས་ཀྱི་གོམས་སྲོལ་ངན་པ་དྲུང་ནས་འབྱིན་དགོས་པ་དང་འཐབ་འཁྲུག་གི་གྲ་སྒྲིག་བྱོས་ཞེས་བསྒྲགས།།
རྒྱ་ནག་ཉམས་ཞིབ་པ་ཝིཀ་ཊོར་ཧྲིས་(Victor Shih)་ཧྥ་རན་སི་གསར་ཁང་ལ་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་སོགས་མཐོ་རིམ་དམག་དཔོན་ཚོའི་གོ་གནས་དེར་ཧབ་ཐོབ་ཆེན་པོ་འདུག དམག་དཔོན་ཚོས་རང་ལ་གོ་གནས་དེ་ཐོབ་པར་ཕན་ཚུན་ལྐོག་མ་རྫོང་རེས་དང་ལྐོག་ཟ་བྱས་ནས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་ཐེར་འདོན་བྱེད་རེས་བྱེད་ཀྱི་ཡོད་པ་རེད། དེས་ན་མི་ཁག་ཅིག་འཛིན་བཟུང་བྱས་ནས་བཙོན་དུ་ཚུད་པ་དང་མི་ཁག་ཅིག་གོ་གནས་འཕར་ཏེ་ལམ་འགྲོ་རྒྱུག་གི་ཡོད་པ་རེད་ཅེས་བཤད། ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་སིངྒ་པུར་གྱི་ནན་དབྱང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་གཞོན་པ་ཌི་ལན་ལཱོས་(Dylan Loh)་རྒྱ་ནག་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་གནས་དབྱུང་བཏང་བ་དེ་ཡག་རྟགས་ཤིག་མ་རེད། རྒྱ་ནག་གི་དམག་དཔུང་ཧྲིལ་པོ་རུལ་སུངས་སུ་གྱུར་ཡོད་པའི་རྟགས་མཚན་རེད་ཅེས་དབུས་གསར་ཁང་གི་གསར་འགོད་པར་ལན་བཏབ།།
གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཟུར་པ་ཐོམ་སེན་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་རྒྱ་ནག་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་གནས་དབྱུང་བཏང་བ་དེ་རྒྱལ་སྲུང་བློན་ཆེན་གཉིས་གོ་གནས་ཕབ་པ་ལས་ཀྱང་ཚབས་ཆེན་རེད། རྒྱལ་སྲུང་བློན་ཆེན་ཚོས་མི་དམངས་བཅིངས་འགྲོལ་དམག་ལ་ཤུགས་རྐྱེན་དེ་ཙམ་ཐེབས་མི་ཐུབ། དབུས་དམག་དོན་ལྷན་ཁང་གི་ཆབ་སྲིད་འཐུས་མི་ཞིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དེ་ཤིན་ཏུ་ཚབས་ཆེན་རེད་ཅེས་བཤད། ད་ལོའི་ཕྱི་ཟླ་༦་པའི་ནང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དམག་དཔོན་ཚོ་དམར་ཤོག་གི་རྩ་བ་ཚུགས་ས་ཡན་ཨན་ལ་ཁྲིད་ནས་མའོ་ཙེ་ཏུང་གི་ལྟ་བ་བསླབས། ཁོ་པས་མེ་མདའ་ནི་རྟག་ཏུ་དམར་ཤོག་ཚོགས་པར་གཞུང་དྲང་བློ་དཀར་ཡིན་པ་ཚོའི་ལག་ཏུ་འཛིན་དགོས། རྒྱ་ནག་གི་དམག་དཔུང་ནམ་ཡང་ལྐོག་ཟ་རུལ་སུངས་སུ་འགྱུར་མི་ཉན་ཞེས་གདམས། སྐབས་དེར་ཡན་ཨན་ལ་ཁྲིད་པའི་དམག་དཔོན་ཚོའི་གྲས་སུ་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།