ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་གནས་དབྱུང་དང་ཝང་དབྱི་བསྐྱར་བསྐོ། 


༄༅།། རྒྱ་ནག་གཞུང་གིས་ཕྱི་སྲིད་བློན་ཆེན་ཆིང་ཀང་གནས་དབྱུང་བཏང་སྟེ་ཕྱི་སྲིད་བློན་ཆེན་ཟུར་པ་ཝང་དབྱི་བསྐྱར་དུ་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་མིག་དམར་གྱི་ཕྱི་དྲོར་རྒྱ་ནག་གཞུང་གིས་ཆིང་ཀང་གནས་དབྱུང་བཏང་བའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད་པ་དང་ཆིང་ཀང་མཐོང་ཐོས་མེད་པར་གྱུར་ནས་ཟླ་བ་གཅིག་ཡས་མས་ཤིག་འདས། ཉམས་ཞིབ་པ་ཚོས་ཆིང་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་བྱས་ནས་ཟླ་ཤས་ལས་མ་ཕྱིན་པར་གནས་དབྱུང་བཏང་བ་ནི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་ཆབ་སྲིད་ཀྱི་འཐབ་རྩོད་ཆེན་པོ་ཡོད་པར་འབྲེལ་བ་ཡོད་པའམ། ཡང་ན་ཆིང་ཀང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་ཆེན་པོ་བྱུང་ནས་གནས་དབྱུང་བཏང་བ་ཡིན་སྲིད་པའི་ཚོད་དཔག་སྣ་ཚོགས་ཤིག་བྱེད་དགོས་པར་གྱུར།།

ཐོག་མར་རྒྱ་ནག་གཞུང་གིས་ཆིང་ཀང་བདེ་ཐང་མེད་པའི་འགྲེལ་བཤད་བརྒྱབ་ཀྱང་ནད་གཞི་ཅི་ཡིན་དང་སྨན་བཅོས་གང་དུ་བྱེད་ཀྱི་ཡོད་མེད་སོགས་ཕྱིར་བསྒྲགས་གང་ཡང་མ་བྱུང་། རྒྱ་ནག་ལ་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོ་གནས་དབྱུང་དང་བསྐོ་བཞག་སོགས་ཅི་ཞིག་བྱས་ཀྱང་ཕྱི་གསལ་ནང་གསལ་བྱས་ནས་གསལ་བསྒྲགས་བྱེད་སྲོལ་མེད་ཅིང་། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་དྲག་རྩུབ་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དང་ཆིང་ཀང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་དེ་དག་གི་གྲས་སུ་ཚུད། རྒྱ་ནག་གི་དྲག་རྩུབ་ཆེ་བའི་ཕྱི་སྲིད་དེར་རྒྱལ་སྤྱིའི་ཐོག་ཏུ་རྒོལ་ལན་ནན་པོ་སློག་འགོ་ཚུགས། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ན་གཞོན་ལས་མེད་པ་ཇེ་མང་། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་སྤོར་གྱི་ཡོད་པ་བཅས་ཀྱིས་ཞིས་ཅིན་ཕིང་ནས་རྒྱ་ནག་གི་ཕྱི་སྲིད་འཇམ་དུ་གཏོང་བར་དུ་ཆིང་ཀང་གནས་དབྱུང་བཏང་བ་ཡིན་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༢༥་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཆིང་ཀང་ཟླ་བ་གཅིག་ཡས་མས་ཤིག་ལ་མཐོང་ཐོས་མེད་པར་གྱུར་པར་རྒྱ་ནག་གི་ནང་ཁུལ་དུ་གླེང་སློང་ཤུགས་ཆེན་བྱུང་ཞིང་། ཉམས་ཞིབ་པ་ཚོས་ཆིན་ཀང་གནས་དབྱུང་གཏོང་དགོས་བྱུང་བ་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་སྲོལ་ལ་རྒྱབ་འགལ་བྱས་ནས་ལས་དུས་གསུམ་པར་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་ཁ་ཆག་སྣ་རལ་བྱུང་བ་སྡུག་ཤོས་ཤིག་རེད་ཅེས་བསྟན། ཆིང་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་མ་བྱས་གོང་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པའི་ལས་འགན་ཁུར། ཟླ་ཤས་གོང་དུ་རྒྱ་ནག་གཞུང་གིས་ཝང་དབྱི་དབུས་ཕྱི་སྲིད་ལས་དོན་ཁང་གི་འགན་འཛིན་དུ་བསྐོས། ཆིང་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་བྱས་ཀྱང་གཟའ་མིག་དམར་གྱི་དགོང་མོར་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་ཝང་དབྱི་སླར་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་བྱས་པ་དང་ཆིང་ཀང་གནས་དབྱུང་བཏང་བ་རེད་ཅེས་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ།།

ཆིང་ཀང་མཐོང་ཐོས་མེད་པར་གྱུར་པའི་རྗེས་སུ་ཝང་དབྱི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ཚབ་ཏུ་ལྷོ་ཨ་ཧྥི་རི་ཀར་འཚོགས་བཞིན་པའི་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་དང་བྷར་ཛིལ་བཅས་རྒྱལ་ཁབ་ལྔའི་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ལ་ཞུགས། ཁོ་པས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་གི་གྲོགས་པོ་རྙིང་པ་ཧན་རི་ཀི་སན་ཇར། སྲིད་འཛིན་བྷ་ཌན་གྱི་གནམ་གཤིས་ལས་དོན་དམིགས་བསལ་སྐུ་ཚབ་ཇཱོན་ཁེ་རི། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་དང་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཌོ་ཝལ་སོགས་ལ་ཐུག་འཕྲད་གྲོས་མོལ་བྱས། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོས་ཆིང་ཀང་གནས་དབྱུང་གཏོང་རྒྱུའི་ཐག་བཅད། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་རྣམས་དམིགས་བསལ་ཚོགས་འདུ་ཚོགས་ནས་ཆིན་ཀང་གནས་དབྱུང་གཏོང་རྒྱུའི་གྲོས་ཆོད་བཞག་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་དང་ཕྱི་རྒྱལ་གྱི་ཕྱི་འབྲེལ་མི་སྣ་ཚོའི་གྲས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་དང་ཧོང་ཀོང་གི་གསར་འགོད་པ་རྒྱ་མོ་མཛེས་མ་ཞིག་གབ་མཐུན་བྱུང་སྟེ་ཕྲུ་གུ་ཞིག་སྐྱེས། ཆིན་ཀང་གིས་རྒྱ་མོ་གསར་འགོད་པ་དེར་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་བཏང་བ་རེད་ཅེས་གླེང་ཕྱོགས་ཤིག་ཁྱབ། རྒྱ་ནག་གཞུང་གིས་ཆིན་ཀང་མཐོང་ཐོས་མེད་པར་གྱུར་པའི་རྒྱུ་མཚན་ཅི་ཡིན་སོགས་བཤད་ཀྱི་མེད་པས་ཀུན་གྱིས་ཚོད་དཔག་འདྲ་མིན་ཞིག་བྱེད་མགོ་བརྩམས། ཕྱི་ཟླ་༧་པའི་ཚེས་༡༧་ཉིན་གསར་འགོད་པ་ཚོས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་ལ་ཆིན་ཀང་གང་དུ་ཕྱིན་པ་རེད་ཅེས་དྲིས་ཀྱང་ལན་མ་བཏབ། ཆིན་ཀང་ནི་ཞིས་ཅིན་ཕིང་གི་བློས་ཐུབ་ཀྱི་ཕྱོགས་གཏོགས་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་ལྟར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནས་ཕྱི་སྲིད་བློན་ཆེན་གཞོན་པ། ༢༠༢༡་ལོའི་ཕྱི་ཟླ་༧་པའི་ནང་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པར་བསྐོས། ཁ་སྔོན་ཕྱི་ཟླ་༣་ནང་ཆིན་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོས་ནས་མགྱོགས་མྱུར་གྱིས་གོ་གནས་འཕར། ཟླ་བ་སྔོན་མ་ནས་ཆིན་ཀང་གར་སོང་ཆ་མེད་དུ་གྱུར་པ་དང་མཐའ་མཇུག་གནས་དབྱུང་བཏང་སྟེ་མྱུར་དུ་གོ་གནས་ཤོར་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG