ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཆིན་ཀང་གར་སོང་ཆ་མེད་གྱུར་པ་དེས་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་ཉེན་ཁ་ཆེན་པོ་ཡིན་པར་མཚོན།


རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཆིན་ཀང་གློ་བུར་དུ་གར་སོང་ཆ་མེད་གྱུར་ནས་བདུན་ཕྲག་གསུམ་ལྷག་འགོར་གྱི་ཡོད་པ་དང་། དང་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཆིན་ཀང་གཟུགས་གཞི་བདེ་ཐང་མེད་ཚུལ་འགྲེལ་བརྗོད་བྱས་ཡོད་ཀྱང་། ཉེ་ལམ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་དེ་དོན་འདྲི་བརྩད་ཐེངས་འགའ་བྱེད་དུས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ལན་འདེབས་གང་ཡང་བྱས་མེད་པ་རེད། སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཆིན་ཀང་གློ་བུར་དུ་གར་སོང་ཆ་མེད་གྱུར་པ་དེས་དེང་སྐབས་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་གསལ་པོ་མཚོན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

དེང་སྐབས་ཞེད་སྣང་ཚ་བའི་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག

ཉེ་ལམ་རྒྱ་ནག་གི་ཕྱི་སྲིད་དཔོན་པོའི་གོ་གནས་སུ་འཁོད་མ་ཐག་པའི་ཆིན་ཀང་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཆིན་ཀང་གཟུགས་གཞི་བདེ་ཐང་མེད་ཚུལ་འགྲེལ་བརྗོད་བྱས་པ་དེ་ནི་ཟློས་གར་འཁྲབ་པ་ནང་བཞིན་ཆགས་ཡོད་ཅིང་། དེ་ནས་ཉིན་འགའ་ཤས་ཀྱི་རྗེས་ཏེ་སྤྱི་ཟླ་༧ པའི་ཚེས་༡༤ ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་ཆིན་ཀང་ག་དུས་ལས་གནས་སུ་ལོག་གི་རེད་ཅེས་དྲི་བ་འདྲི་དུས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་པིང་གིས་གསར་འགོད་གསལ་བསྒྲགས་ཐོག་དྲི་བ་དེ་ལ་ཐད་ཀར་ལན་འདེབས་མ་བྱས་པར་དུས་ཡུན་སྐར་ཆ་༢༠ ལྷག་ཐེ་ཚོམ་སྐྱེས་རྗེས་གཞི་ནས་དྲི་བ་དེ་ལ་ལན་འདེབས་བྱ་རྒྱུ་མིན་ཞེས་བརྗོད་ཡོད་པས། དོན་དག་དེ་སྔར་ལས་ཁྱད་མཚར་ཅན་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད་སྐོར་གྱི་ཉམས་ཞིབ་པ་སུང་ཡུང་དབྱི།
རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད་སྐོར་གྱི་ཉམས་ཞིབ་པ་སུང་ཡུང་དབྱི།

རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད་སྐོར་གྱི་ཉམས་ཞིབ་པ་སུང་ཡུང་དབྱི་ཡིས་ཝང་ཝེན་པིང་གི་བྱེད་སྟངས་དེས་དེང་སྐབས་རྒྱ་ནག་གི་ཆབ་སྲིད་ཀྱི་ཁོར་ཡུག་ཞེད་སྣང་ཚ་པོ་ཡིན་པར་མངོན་ཡོད་ཅེས་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཡོད་ཚད་དོན་དག་ཤེས་རྟོགས་བྱུང་ཡོད་མེད་ལ་མ་བལྟོས་པར་གོང་རིམ་གྱིས་ཆོག་མཆན་མ་ཐོབ་ན་སྐད་ཆ་བཤད་ཕོད་ཀྱི་མེད་པ་དང་། དེང་སྐབས་ཞི་ཅིན་ཕིང་གི་དབང་སྒྱུར་འོག་གི་རྒྱ་ནག་དེ་བཞིན་སྒེར་གཅོད་པ་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་ཆབ་སྲིད་ཁོར་ཡུག་དང་འདྲ་པོ་ཆགས་བཞིན་ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཡོད་ཚད་སོ་སོའི་མགོ་ལ་ཉེན་ཁ་ཡོང་རྒྱུའི་སེམས་ཁྲལ་ནང་དུ་ལྷུང་ཡོད་ཅེས་བརྗོད་འདུག

ཝང་ཝེན་པིང་གིས་རྐང་བཙུགས་ནས་དྲི་བ་ལ་ལན་འདེབས་མ་བྱས་པ་རེད་ཅེས་བརྗོད།

མི་ཚོས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་པིང་གིས་མི་ཚོགས་ཀྱི་དཀྱིལ་ནས་དུས་ཡུན་སྐར་ཆ་ཉི་ཤུ་ཙམ་གྱི་རིང་ལ་ཐེ་ཚོམ་སྐྱེས་ནས་ལན་འདེབས་མ་བྱས་པ་དེ་ནི་ཟློས་གར་འཁྲབ་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་ཀྱང་། རྒྱ་ནག་གི་ཆབ་སྲིད་སྐོར་ལ་ལོ་མང་རིང་ཉམས་ཞིབ་བྱེད་མཁན་ཧུའུ་ཕིང་གིས་བརྗོད་དོན་ལྟར་ན། སྤྱིར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཚོས་དྲི་བ་སྣ་ཚོགས་ལ་སོ་སོའི་རིགས་ལམ་ཐོག་ནས་ལན་འདེབས་བྱེད་ཐུབ་ཀྱི་ཡོད་ཀྱང་། ད་རེས་ཝང་ཝེན་པིང་གི་བྱེད་སྟངས་དེ་ནི་ཐོལ་བྱུང་གི་དྲི་བ་ཁག་པོ་ཞིག་འཕྲད་པ་མ་ཡིན་ཞིང་། དེ་ནི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་དུས་ཡུན་རིང་པོར་གྲ་སྒྲིག་བྱས་ཡོད་པའི་རྣམ་འགྱུར་ཞིག་རྐང་བཙུགས་ནས་ཕྱིར་ལ་བསྟན་ཡོད་སྲིད་པ་རེད་འདུག

ཞི་ཅིན་ཕིང་གི་ཐེ་ཚོམ་དང་དཀའ་ཁག

ཞི་ཅིན་ཕིང་གི་སྒེར་གཅོད་སྲིད་དབང་ལམ་ལུགས་འོག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་པིང་གི་ཐེ་ཚོམ་བྱེད་པའི་བྱེད་སྟངས་དེ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་ཞི་ཅིན་ཕིང་སྒེར་གྱི་དོགས་པ་དང་ཅི་བྱ་བརྟོལ་མེད་ཀྱི་ངང་ཚུལ་དེ་མཚོན་གྱི་ཡོད་པ་དང་། ཞི་ཅིན་ཕིང་གིས་སོམ་ཉི་བྱས་ནས་ཐག་མ་ཆོད་པ་དེས་ཝང་ཝེན་པིང་དང་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཚོས་ཀྱང་ཅི་བྱས་འདི་བྱས་མེད་པར་ཆགས་དེ། ལན་འདེབས་བྱས་མ་ཐུབ་པའམ་ཡང་ན་རྐང་བཙུགས་ནས་ལན་འདེབས་བྱེད་ཀྱི་མེད་པ་ཞིག་རེད་ཅེས་དབྱེ་ཞིབ་པ་མང་པོས་བརྗོད་བཞིན་འདུག འོ་ན་ཞི་ཅིན་ཕིང་གིས་ཐེ་ཚོམ་ཅི་ཞིག་སྐྱེ་བཞིན་ཡོད་དམ་ཞེ་ན། སུང་ཡུང་དབྱི་ཡིས་དྲི་བ་དེའི་ལན་གནམ་སྔོན་པོས་མ་གཏོགས་ཤེས་ཀྱི་མ་རེད་ཅེས་དང་། ཆིན་ཀང་གསང་མྱུལ་ཡིན་མིན་དེ་ཞི་ཁོ་རང་ཉིད་ཀྱིས་ཀྱང་གསལ་པོ་ཞིག་ཤེས་ཀྱི་མེད། ཡིན་ན་ཡང་ཆིན་ཀང་ད་ལྟ་བཀག་ཉར་བྱས་ཡོད་པ་དེ་གཏན་ཁེལ་རེད། དེ་ནི་ཕོ་མོའི་བར་གྱི་བརྩེ་དུང་གཅིག་པུའི་གནད་དོན་ཞིག་མ་རེད། མའོ་ཙེ་ཏུང་དང་ཞི་ཅིན་ཕིང་ཐེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚང་མ་མི་ཆོས་ཀྱི་ཀུན་སྤྱོད་ཧ་ལས་པ་སྡུག་པོ་ཡིན་པ་ཚང་མས་མཁྱེན་གསལ་རེད་ཅེས་བརྗོད་འདུག

རྒྱ་ནག་གི་ཆབ་སྲིད་སྐོར་ལ་ལོ་མང་རིང་ཉམས་ཞིབ་བྱེད་མཁན་ཧུའུ་ཕིང་།
རྒྱ་ནག་གི་ཆབ་སྲིད་སྐོར་ལ་ལོ་མང་རིང་ཉམས་ཞིབ་བྱེད་མཁན་ཧུའུ་ཕིང་།

ཡང་ཧུའུ་ཕིང་གིས་བརྗོད་དོན་ལྟར་ན། ཝང་ཝེན་པིང་གི་ཐེ་ཚོམ་བྱས་པ་དེས་ཞི་ཅིན་ཕིང་གི་དེའི་ཐད་འཛིན་པའི་སོམ་ཉི་བྱས་པའི་ལངས་ཕྱོགས་མཚོན་ཀྱི་ཡོད་ཀྱང་། ཝང་ཝེན་པིང་གི་བྱེད་སྟངས་ཁ་སྐྱེངས་པོ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཞི་ཅིན་ཕིང་ལ་གནོན་ཤུགས་སྤྲོད་བཞིན་ཡོད་ཅིང་། གནད་དོན་དེ་བཞིན་ཞི་ཅིན་ཕིང་སྒེར་གྱི་དབང་ཐང་ལ་མཚོན་ན་འགྲན་སློང་ཆེན་པོ་ཞིག་ཆགས་ཡོད། ཕོ་མོའི་བར་གྱི་འབྲེལ་བ་དང་ཡང་ན་ལྐོག་ཟ་རུལ་སུངས་ལ་ཁ་གཡར་རྒྱུར་གོམས་ཡོད་པའི་ཞི་ཅིན་ཕིང་གིས་སོ་སོའི་ཁ་གཏད་ཀྱི་མི་གཞན་ཚོས་ཀྱང་ཞྭ་མོ་དེ་གཉིས་ཁོ་རང་ཉིད་ཀྱི་མགོར་གཡོག་རྒྱུར་དོགས་ཟོན་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

སྲིད་དོན་དབྱེ་ཞིབ་པ་འགས་བརྗོད་དོན་ལ། རྒྱ་ནག་གི་ཆབ་སྲིད་ཕྱི་གསལ་ནང་གསལ་མེད་པས་དཀྲོག་གཏམ་དེ་རིགས་ལ་ཡིད་ཆེས་བྱེད་ཁག་པོ་ཆགས་ཡོད་ཅིང་། དཔེར་ན་ན་ནིང་ལོའི་སྤྱི་ཟླ་༡༠ པའི་ནང་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པ་ཞེས་པ་མ་འཚོགས་སྔོན་ཙམ་ལ། ཞི་ཅིན་ཕིང་མི་ཚོགས་སུ་དོན་བ་ཉུང་དུ་ཕྱིན་ཏེ་སྐབས་དེར་མི་མང་པོ་ཞིག་གིས་ལི་ཁེ་ཆང་གིས་ཞི་ཅིན་ཕིང་ཚབ་བྱ་རྒྱུ་རེད་ཅེས་ཚོད་དཔག་སྣ་ཚོགས་བྱས་མྱོང་ཡོད་ཀྱང་། དོན་དངོས་ཐོག་གནས་སྟངས་དེ་མི་ཚོའི་ཚོད་དཔག་ལས་ལྡོག་ཕྱོགས་སུ་གྱུར་ཏེ་ལི་ཁེ་ཆང་སྲིད་བློན་གྱི་གོ་གནས་ནས་མར་ཕབ་ནས་གནད་ཡོད་ལས་གནས་ཚང་མ་ཞི་དང་ཞིའི་ཕྱོགས་གཏོགས་ཉག་ཅིག་གིས་གོ་གནས་བཟུང་པ་རེད་ཅེས་བརྗོད་འདུག

ཡང་སྲིད་དོན་དབྱེ་ཞིབ་པ་འགས་ད་རེས་ཆིན་ཀང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནང་ཁུལ་གྱི་འཁྲུག་རྩོད་དང་འགལ་ཟླ་ཕྱིར་མངོན་ཡོད་ཅེས་བརྗོད་ཀྱི་ཡོད་ཅིང་། སུང་ཡུང་དབྱི་ཡིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། གང་ལྟར་ཆིན་ཀང་གར་སོང་ཆ་མེད་དུ་གྱུར་པ་དང་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཚོའི་འཁྲབ་སྟོན་དེ་དག་གིས་དེང་སྐབས་རྒྱ་ནག་ནང་གི་ཆབ་སྲིད་ཁོར་ཡུག་གི་གནས་སྟངས་དེ་ཕྱིར་མངོན་གྱི་ཡོད་པ་དང་། ཞི་ཅིན་ཕིང་གི་དབང་སྒྱུར་འོག་གི་རྒྱ་ནག་དེ་བཞིན་དེ་སྔར་མའོ་ཙེ་ཏུང་དུས་སྐབས་ཀྱི་སྤྱི་ཚོགས་དང་གཅིག་མཚུངས་ཆགས་བཞིན་ཡོད་སྟབས། འབྱུང་འགྱུར་འདི་ལྟ་བུའི་ཡ་མཚན་ཆེ་བའི་ཟློས་གར་མང་པོ་ཞིག་མི་ཚོའི་མཐོང་ལམ་དུ་འཆར་རྒྱུ་རེད་ཅེས་བརྗོད་འདུག

XS
SM
MD
LG