ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

གཞིས་ཀ་རྩེ་ནས་བོད་མི་ཞིག་ནང་ཆོས་སྐད་འཕྲིན་ཚོགས་པ་བཙུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག


བོད་ནང་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་བརྡལ་ནས་ཡིན་པའི་བསམ་འཕེལ་ཟེར་བའི་སྐྱེས་པ་ཞིག་གིས་ནང་ཆོས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་པ་དེ་རྒྱ་གཞུང་ལ་ཆོག་མཆན་མ་ཞུས་པར་ཁྲིམས་གྱིས་བཙུགས་པའི་ཉེས་མིང་འོག་ཉེ་ལམ་ཕྱི་ཟླ་༡༠ ཚེས་༢༥ བོད་ནང་གི་སྔ་དྲོ་ཚོུད་༥ ཙམ་ལ་ཉེན་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་གཞིས་ཀར་རྩེ་གྲོང་ཁྱེར་རྒྱ་གཞུང་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་ཡོད་པ་དང་ཁོང་བཙན་ཁྲིད་བྱས་ཏེེ་དེ་རིང་གི་ཉིན་གྲངས་༦ འགྲོ་བཞིན་ཡོད་ཀྱང་ཁོང་གི་སྐོར་ལ་ད་དུང་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་པ་དང་ནང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་བརྗོད་དོན།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ནང་ཕྱི་ཟླ་བཅུ་པའི་ཚེས་༢༥ ཞོགས་པ་ཚོུད་ལྔ་པ་ཡས་མས་ལ་ས་སྐྱ་དགེ་སྡིངས་གྲོང་བརྡལ་གྱི་ཉེན་རྟོག་པས་བསམ་འཕེལ་ཉེན་རྟོག་ཁང་དུུ་ཡོང་དགོས་པའི་ཁ་པར་བཏང་ཡོད་པ་དང་ཁོོ་ཉེན་རྟོག་ཁང་དུ་འབྱོར་སྐབས་ཉེན་རྟོག་པས་ཁོའི་ལག་ཐོགས་ཁ་པར་བཙན་ཕྲོག་བྱས་ཏེ་ཞིབ་བཤེར་བྱས་འདུག ཉེན་རྟོག་པས་ཁོའི་ཁ་པར་ལ་ཞིབ་བཤེར་བྱས་རྗེས་ཁྱོད་ཀྱིས་སྐད་འཕྲིན་ནང་ནང་ཆོས་ཚོགས་པ་ཟེར་བ་དེ་ག་དུས་བཙུགས་ཡོད་མེད་སོགས་ཚོུད་ཁ་ཤས་རིང་དྲི་བརྩད་མང་པོ་བྱས་འདུག དེ་ནས་དགེ་སྡིངས་ཉེན་རྟོག་པས་ཁོང་གཞིས་ཀ་རྩེ་གྲོང་ཁྱེར་ཉེན་རྟོག་ཁང་དུ་ཁྲིད་འདུག ཁོང་བཙན་ཁྲིད་བྱས་ཏེ་ད་བར་བདུན་ཕྲག་གཅིག་ཙམ་འགྲོ་གི་ཡོད་ཀྱང་ད་དུང་གནས་སྟངས་གང་ཡང་གོ་ཐོས་མེད་སྟབས་ནང་མི་ཚོས་ཁོང་གི་སྐོར་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག་ཅེས་དང་ཡང་སྤྱིར་བཏང་ནས་ནང་ཆོས་ཚོགས་པ་ཞེས་པ་ཞིག་སྔོན་མ་ནས་ཡོད་པ་དང་། ཚོགས་པའི་ནང་ནམ་རྒྱུན་ཚེས་བཟང་དུས་བཟང་ལ་སེམས་ཅན་ཚེ་ཐར་གཏོང་བ་དང་། བདག་མེད་ཁྱི་ལ་ལྟོ་སྟེར་བ་། ད་དུང་བླ་ཆེན་རྣམ་པའི་བཀའ་སློབ་དེ་འདྲ་ཚོགས་པའི་ནང་བསྐུར་གྱི་ཡོད་པ་མ་གཏོགས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱེད་མྱོང་མེད་པ་རེད་ཅེས་དང་ད་དུང བསམ་འཕེལ་ནི་ནམ་རྒྱུན་ས་སྐྱ་རྫོང་ཁོངས་སུ་ཡོད་པའི་དཔལ་ས་སྐྱ་དགོན་ཆེན་ནང་དུ་གད་འཕྱག་པ་དང་གཙང་སྦྲ་བྱེད་མཁན་ཞིག་ཡིན་པ་དང་ཁྱིམ་དུ་བཟའ་ཟླ་དང་བུ་ཕྲུག་གསུམ་ཡོད་པ་རེད་ཅེས་སོགས་གནས་ཚུལ་འགྲེལ་བརྗོད་གནང་སོང་།

རྒྱ་གཞུང་གིས་ཕྱི་ལོ་༢༠༡༧ ཕྱི་ཟླ་༧ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་སུ་སྐད་འཕྲིན་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་གསར་པ་མང་པོ་ཞིག་གསར་དུ་བཟོས་ཏེ་སྐད་འཕྲིན་ལ་དམིགས་བསམ་གྱི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་སྐད་འཕྲིན་ཚོགས་པ་ཁག་གི་ཚོགས་གཙོ་ཚོས་ངེས་པར་དུ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་དཔང་ཡིག་སོགས་ཁྱེར་ནས་སྲིད་གཞུང་གི་འབྲེལ་ཡོད་ཚན་པར་ཐོ་འགོད་བྱས་ཏེ་ཆོག་མཆན་ཞུས་དགོས་པ་མ་ཟད་སྐད་འཕྲིན་ཚོགས་པ་ཁག་གིས་ཕྱི་ཕྱོགས་བོད་མིར་འབྲེལ་བ་བྱེད་མི་ཆོག་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཆབ་སྲིད་ཀྱི་གནད་དོན་གླེང་སློང་སོགས་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་རེད་ཡིན་ན་ཡང་སྐད་འཕྲིན་ཚོགས་པ་ཁག་ཅིག་ལ་རྒྱ་གཞུང་འབྲེལ་ཡོད་ཚན་པར་ཐོ་འགོད་བྱེད་ས་དང་ཆོག་མཆན་ཞུ་ས་མེད་པའི་དཀའ་ངལ་ཕྲད་ཡོད་པའི་གནས་ཚུལ་ཐོན་ཡོད།

ཡང་༢༠༢༢ ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་རྒྱ་གཞུང་གིས་དྲ་རྒྱའི་སྐོར་ཁྲིམས་སྒྲིག་གསར་པ་ཁག་གཅིག་་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་དེའི་ནང་དྲྭ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱིས་ལས་དོན་གཉེར་མཁན་ལ་གསོ་མྱུལ་བྱ་རྒྱུ་དང་། ཕྱི་ཕྱོགས་ནས་ཆོས་ཕྱོགས་ཀྱི་གནད་དོན་བརྒྱུད་སྤེལ་བྱེད་མཁན་གྱི་ཚོགས་སྒེར་ཀུན་ལ་བོད་དང་རྒྱ་ནག་ནང་དུ་དྲྭ་རྒྱ་བརྒྱུད་ནས་ཆོས་ཕྱོགས་ཀྱི་ལས་དོན་གཉེར་རྒྱུར་བཀག་སྡོམ་བྱ་རྒྱུ་ཙམ་མ་ཟད་བོད་དང་རྒྱ་ནག་ཏུ་དྲྭ་རྒྱ་བརྒྱུད་ཆོས་ཕྱོགས་ཀྱི་ལས་དོན་གཉེར་བར་རྒྱ་ནག་གཞུང་གིས་སྤྲད་པའི་ཆོག་མཆན་ལག་འཁྱེར་དགོས་པ་མ་ཟད་ ལག་འཁྱེར་མེད་མཁན་རྣམས་ནས་དྲ་རྒྱ་བརྒྱུད་དེ་ཆོས་ཕྱོགས་ཀྱི་ལས་དོན་རིགས་གཉེར་མི་ཆོག་པའི་ཁར་གསུང་ཆོས་དང་ཁ་འདོན་སོགས་སྒྲ་འཇུག་བྱེད་ཆོག་གི་མེད་པ་དང་། ཆོས་ཕྱོགས་དང་འབྲེལ་བའི་བརྙན་དང་པར་སོགས་བརྒྱུད་སྤེལ་མི་ཆོག་པ། ཅི་སྟེ་མི་སྣ་སུ་རུང་ཞིག་གིས་ལག་འཁྱེར་མེད་པར་ལས་དོན་དེ་དག་གཉེར་ཚེ་ཁྲིམས་ལྟར་ཆད་པ་གཏོང་དགོས་ཞེས་བཀོད་ཡོད་པ་རེད་ཡང་དེའི་གོང་་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༠ ཉིན་མཚོ་སྔོན་ཁུལ་གྱི་་སྐད་འཕྲིན་གྱི་ཚོགས་པ་ཁག་གཅིག་སྒོ་རྒྱག་བཅུག་ཡོད་པའི་ནང་བཟང་སྤྱོད་ཚོགས་པ་དང་གུ་རུ་སིདྡྷི་ཚོགས་པ། དེ་བཞིན་མ་ཎི་ཚོགས་པ་བཅས་ས་གནས་གཞུང་གིས་བཙན་དབང་ཐོག་ནས་འཕྲལ་མར་སྒོ་བརྒྱབ་བཅུག་ཡོད་པ་རེད།

ད་ཆ་བོད་ཁུལ་གྱི་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོར་ཆོས་ཕྱོགས་ཀྱི་གནས་ཚུལ་ཡོང་ཁུངས་ནི་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་པའི་ཆོས་ཕྱོགས་ཀྱི་ཚོགས་པ་ཁོ་ན་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་སྐད་འཕྲིན་དྲ་ལམ་ནི་བོད་གཞིས་བྱེས་གཉིས་དབར་འབྲེལ་ལམ་བྱེད་སའི་བརྒྱུད་ལམ་གཅིག་པུ་དེ་ཡིན་པ་དང་སྐད་འཕྲིན་དར་བ་དང་སྐད་འཕྲིན་ཚོགས་པ་ཁག་ནས་ཉམས་ཐག་དང་ནད་པར་རོགས་རམ་དང་འཕྲོད་བསྟེན་དང་ནང་ཆོས་ཀྱི་ཤེས་བྱ་གོ་རྟོག་སྤེལ་རྒྱུར་ཕན་ཐོགས་མི་དམན་པ་བྱུང་ཡོད་པ་རེད།

XS
SM
MD
LG