ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཐེ་ཝན་མང་གཙོ་ཐེབས་ར་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ Huang Yu-Lin ལགས་ཀྱིས་སྣེ་ཁྲིད་འོག་ཐེབས་རྩ་ཁང་དེའི་སློབ་སྟོན་པ་དང་། འགན་འཛིན་གཞོན་པ་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཁས་ས་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཏེ་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་དབུས་པའི་རྒྱུན་ལས་རྣམས་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་རེད།

མཇལ་འཕྲད་དེའི་སྐབས་སྐུ་ཚབ་ཚོགས་ཆུང་དང་ཚོགས་གཙོ་བགྲེས་གཞོན་གཙོས་པའི་རྒྱུན་ལས་ལྷན་དུ་བཀའ་མོལ་ཇི་བྱུང་སྐོར་ལ་འདི་ག་རླུང་འཕྲིན་ཁང་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་ནང་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྐུ་ཚབ་རྣམ་པར་རྒྱ་ནག་གཞུང་གིས་བོད་གཙོས་ཐེ་ཝན་དང་། ཡུ་གུར། ཤིང་ཅང་། སོགས་ནང་གདུག་རྩུབ་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཐུན་མོང་ནས་ལས་འགུལ་སྤེལ་དགོས་པ་སོགས་གསུངས་གནང་བ་དང་སྦྲགས། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མི་མང་སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་བོད་དོན་ཞུ་སྐུལ་དང་། རྒྱལ་སྤྱིའི་ཚོགས་འདུ་ཁག་ལ་མཉམ་ཞུགས་གནང་བཞིན་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད། དེ་བཞིན་རྒྱ་ནག་གི་བཙན་གནོན་གདུག་རྩུབ་འོག་གནས་བཞིན་པའི་མི་རིགས་ཁག་ཐུན་མོང་གིས་ལས་དོན་སྤེལ་དགོས་སྐོར་སོགས་གསུངས་གནང་བ་བརྗོད་སོང་།

དེ་བཞིན་ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ (Huang Yu-Lin) ལགས་ཀྱིས་ད་རེས་ཀྱི་ཕྱོགས་བསྐྱོད་འདི་བཞིན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་དུ་ཕེབས་པ་བཞིན། མགོན་པོ་མཆོག་གི་ཞལ་མཇལ་བྱུང་བར་དགའ་ཚོར་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས་དང་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་ཡོད་པའི་སྐོར་ཚོགས་གཞོན་མཆོག་ནས་མུ་མཐུད་འགྲེལ་བརྗོད་གནང་སོང་།

གཞན་ཡང་ད་རེས་ཀྱི་སྐུ་ཚབ་ཚོགས་ཆུང་གི་འཐུས་མིའི་ངོས་ནས་ཀྱང་ད་ལྟའི་བོད་ནང་གི་ཤེས་ཡོན་དང་རིག་གཞུང་སོགས་ཀྱི་གནས་སྟངས་མཐོང་དུས་བོད་ཀྱི་གནས་སྟངས་དེ་བློ་ཡུལ་དུ་མི་གཤོངས་བ་ཞིག་ཆགས་ཡོད་ཀྱང་། བཙན་བྱོལ་ནང་ནས་བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་ཐུབ་པ་འདིར་བསྔགས་བརྗོད་དང་། མ་འོངས་པར་ཐེབས་རྩའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ལ་ལེགས་སྐྱེས་འབུལ་ཐབས་སུ་མཉམ་རུབ་གནང་རྒྱུ་ཡིན་པ་ཡང་གསུངས་ཡོད་པ་ཚོགས་གཞོན་མཆོག་ནས་འགྲེལ་བརྗོད་གནང་བྱུང་། །

XS
SM
MD
LG