ནུབ་ཆིངས་ཀྱི་ཚོགས་ཆེན་ཐོག་ཏུ་སྤེལ་བའི་སྤྱི་བསྒྲགས་ཀྱི་ནང་དོན་གལ་ཆེ་ཁག

ནུབ་ཆིངས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་ཆེན་

༄༅།། ནུབ་ཆིངས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་ཆེན་དེ་གཟའ་མིག་དམར་ནས་ཕུར་བུའི་བར་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་ཡོད་ཅིང་། ད་རེས་ཀྱི་ཚོགས་ཆེན་ཐོག་ཏུ་ཡུཀ་རེན་དང་ཨུ་རུ་སུ། རྒྱ་ནག རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་སྲུང་སྐྱོབ་སོགས་ལ་གྲོས་སྡུར་བྱུང་ཞིང་། ཕྱི་ཟླ་༧་པའི་ཚེས་༡༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རྗེས་མར་ནུབ་ཆིངས་ཀྱིས་ཡུཀ་རེན་ལ་ཉུང་མཐར་ཡང་ཨ་སྒོར་དུང་ཕྱུར་༤༣༢་ལྷག་གི་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་ཐོབ། དེ་བཞིན་ཡུཀ་རེན་གྱི་མདུན་ལམ་ནི་ནུབ་ཆིངས་ཀྱི་ཁོངས་སུ་ཡོད། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༢་ཀྱིས་རྒྱབ་སྐྱོར་བྱས་ནས་མ་འོངས་པར་ཡུཀ་རེན་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་དེའི་ཁོངས་སུ་ཞུགས་རྒྱུའི་ལམ་བུ་ནས་ཕྱིར་ལྡོག་མེད། ཡུཀ་རེན་ལ་ཆ་རྐྱེན་ཚང་བའི་དུས་དེར་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་མགྲོན་འབོད་བྱེད་ཆོག་ཅེས་བསྐྱར་དུ་བཟློས།།

ནུབ་ཆིངས་ཀྱི་སྤྱི་བསྒྲགས་ནང་དུ་ཡུཀ་རེན་གྱི་དམངས་གཙོའི་ལམ་ལུགས་དང་དཔལ་འབྱོར། བདེ་འཇགས་སྲུང་སྐྱོབ་བཅས་ལ་ལེགས་བཅོས་ཆེན་པོ་ཞིག་གཏོང་དགོས་ཞེས་འཁོད། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཡུཀ་རེན་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་༤༠༠་ལྷག་དམག་དོན་རོགས་དངུལ་སྤྲོད་དགོས་པའི་གྲོས་གཞི་བཏོན་རུང་ཚོགས་འཐུས་རྒྱལ་ཁབ་ཁག་གྲོས་གཞི་དེར་མ་འཐད། དེང་སྐབས་ཨ་མི་རི་ཀས་འགོ་ཁྲིད་པའི་རྒྱལ་ཁབ་༥༠་ལྷག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་དང་དམག་སྦྱོང་གི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ལས་འགན་དེ་ནུབ་ཆིངས་ཀྱིས་རྩིས་ལེན་བྱ་རྒྱུའི་ཐག་བཅད། ཨ་རི་དང་ནེ་དྷར་ལན་ཌི། ཌན་མག་སོགས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ཅིག་གིས་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྣམས་མྱུར་དུ་ཡུཀ་རེན་ལ་འཕྲོད་དུ་འཇུག་རྒྱུ་ཡིན་ཟེར།།

F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ

ནུབ་ཆིངས་ཀྱི་སྤྱི་བསྒྲགས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྟག་ཏུ་རྡུལ་ཕྲན་མཚོན་ཆས་རྒོལ་རྡུང་བྱ་རྒྱུ་ཡིན། བྷེ་ལོ་རུ་སིའི་ས་ཐོག་ཏུ་རྡུལ་ཕྲན་མཚོན་ཆ་འཛུགས་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་ནི་འགན་འཁྲི་མི་ལེན་པའི་བྱ་སྤྱོད་ཅིག་རེད། ཨུ་རུ་སུའི་ཉེན་ཁ་བཟློག་པར་ཨ་མི་རི་ཀས་ལོ་གཉིས་ཀྱི་ནང་ཚུད་དུ་འཇར་མན་ཎིའི་ས་ཐོག་ཏུ་རྒྱང་སྙོབ་འཕུར་མདེལ་འཛུགས་རྒྱུ་ཡིན། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་བྱང་ཕྱོགས་སུ་ཨ་མི་རི་ཀས་མཁའ་དབྱིངས་སྲུང་སྐྱོབ་ཀྱི་རྟེན་གཞི་འཛུགས་རྒྱུའི་གྲ་སྒྲིག་ཡོད། མཁའ་དབྱིངས་སྲུང་སྐྱོབ་རྟེན་གཞི་དེ་ཕ་རོལ་པོའི་འབེན་ཕོག་འཕུར་མདེལ་འཚོལ་ཞིབ་དང་བར་སྣང་དུ་ཕར་ཟློག ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་རྒོལ་རྡུང་འཕོག་སྲིད་པ་འགོག་ཐབས་སུ་འཛུགས་ཀྱི་ཡོད། ནུབ་ཆིངས་ཀྱིས་ཨུ་རུ་སུར་འབྲེལ་ལམ་མ་བཅད་པར་སྟེས་དབང་གིས་རྡུལ་ཕྲན་མཚོན་ཆ་འཕེན་སྲིད་པའི་ཉེན་ཁ་འགོག་པར་གྲོས་མོལ་བྱ་འདོད་ཡོད་ཅེས་བསྒྲགས།།

ནུབ་ཆིངས་ཀྱི་སྤྱི་བསྒྲགས་སུ་རྒྱ་ནག་གིས་ཨུ་རུ་སུར་ཚད་འཛིན་མེད་པའི་ཟླ་གྲོགས་བསྒྲིགས། ཨུ་རུ་སུར་མཁོ་ངེས་ཀྱི་དམག་འཁྲུག་ཡོ་ཆས་རྣམས་སྤྲད་པ་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་གི་འདུག རྒྱ་ནག་ནི་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་དོན་དངོས་ཀྱི་ཉེན་ཁ་ཞིག་རེད། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ཉེ་དུས་ཤིག་ནས་རྒྱ་ནག་གིས་མཁའ་དབྱིངས་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་འགྲོ་བཞིན་པ་དང་རྡུལ་ཕྲན་མཚོན་ཆ་སྤུང་གསོག་བྱེད་ཀྱི་ཡོད་པར་བློ་འཚབ་ཡོད། རྒྱ་ནག་གིས་ངེས་པར་དུ་རྡུལ་ཕྲན་མཚོན་ཆ་ཉུང་འཕྲིའི་གྲོས་མོལ་བྱ་དགོས། ང་ཚོས་རྒྱ་ནག་ལ་ཕྱི་གསལ་ནང་གསལ་གྱི་འབྲེལ་བ་འཛིན་འདོད་ཡོད། རྒྱ་ནག་གིས་ནུབ་ཆིངས་ཀྱི་ཆིག་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་ཡོད་པར་འགོག་རྒོལ་དང་རྒྱ་ནག་གི་བཙན་དྲག་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཀོད།།

ཝ་ཤིང་ཊོན་གྱི་སྤྱི་བསྒྲགས་དེར་ཡུཀ་རེན་གྱི་དམག་འཁྲུག་ལ་གཞིགས་ནས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་གཉིས་མཉམ་འབྲེལ་བྱ་རྒྱུ་སྔར་ལས་དགོས་མཁོ་ཆེ་རུ་ཕྱིན་ཡོད།

ད་ཐེངས་ཀྱི་སྤྱི་བསྒྲགས་སུ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཞི་བདེ་བརྟན་ལྷིང་དགོས་པ་དང་འཕེལ་རྒྱས་འགྲོ་དགོས་པ་ནི་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཁེ་ཕན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། ནུབ་ཆིངས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་དང་དྲྭ་ལམ་སྲུང་སྐྱོབ་ཀྱི་ལས་དོན་ཐོག་ཏུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅེས་བསྟན། ནུབ་ཆིངས་དང་ཨོ་གླིང་། ཉི་ཧོང་དང་ནེའུ་ཛི་ལན་ཌི། ལྷོ་ཀོ་རི་ཡ་དང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་བདེ་འཇགས་སྲུང་སྐྱོབ་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་གྲོས་མོལ་ལྷུག་པོ་བྱས་འདུག་པར་མ་ཟད། ནུབ་ཆིངས་ཀྱི་ཚོགས་ཆེན་སྔོན་དེར་སྤྱི་ཁྱབ་དྲུང་ཆེ་སི་ཊོན་ཊེལ་བྷག་གིས་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཕུ་ཊིན་ལ་རྒྱལ་ཁ་ཐོབ་ཚེ། ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་སློང་རྒྱུ་ཉག་གཅིག་རེད། ཉི་ཧོང་གི་སྲིད་བློན་ནས་དེ་རིང་གི་ཡུཀ་རེན་གྱི་དམག་འཁྲུག་དེ་སང་ཉིན་ཨེ་ཤི་ཡར་ལང་གི་རེད་ཅེས་ཉེན་བརྡ་བཏང་བར་རྒྱུ་མཚན་ལོས་ཡོད་ཅེས་བཀྲལ།།

ཝ་ཤིང་ཊོན་གྱི་སྤྱི་བསྒྲགས་དེར་ཡུཀ་རེན་གྱི་དམག་འཁྲུག་ལ་གཞིགས་ནས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་གཉིས་མཉམ་འབྲེལ་བྱ་རྒྱུ་སྔར་ལས་དགོས་མཁོ་ཆེ་རུ་ཕྱིན་ཡོད། ཡུ་རོབ་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ལྡན་ནུབ་ཆིངས་ལ་ཕན་ཐོགས་ཆེ། ཡུ་རོབ་དང་ནུབ་ཆིངས་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་དགོས་ངེས་མིན་པའི་ལས་དོན་ཁག་བསྐྱར་ལྡབ་མི་འབྱུང་རྒྱུ་གཙིགས་སུ་འཛིན་དགོས་ཞེས་འཁོད། སྲིད་འཛིན་བྷ་ཌན་གྱིས་ཚོགས་ཆེན་སྒོ་འབྱེད་ཀྱི་གཏམ་བཤད་ནང་དུ་ནུབ་ཆིངས་ཀྱི་ས་ཆ་སོར་གང་ཡིན་རུང་སྲུང་སྐྱོབ་བྱ་རྒྱུ་ཡིན། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་གང་ཞིག་ལ་རྒོལ་རྡུང་ཕོག་ན་ཚོགས་འཐུས་རྒྱལ་ཁབ་༣༢་ལ་གཏོར་རྒོལ་བྱས་པ་དང་ཁྱད་པར་མེད་ཅེས་རྩ་འཛིན་དོན་ཚན་ལྔ་པ་སྲོག་ལྟར་གཅེས་སྲུང་བྱ་རྒྱུ་སླར་ཡང་ནན་གྱིས་བརྗོད།།

ལཱ་ཊི་ཝི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཌ་ཡེ་གྷ་མི་ཡ་རི་ནས་(Daiga Mierina)་ཨུ་རུ་སུས་ནུབ་ཆིངས་ཀྱི་ཚོགས་ཆེན་ཉིན་ཡུཀ་རེན་གྱི་བྱིས་པའི་སྨན་ཁང་ཞིག་ལ་རྒོལ་རྡུང་བྱས་ནས་ཉམས་ཚོད་བླངས་པ་རེད། གཅིག་བྱས་ནས་དམིགས་འབེན་ནོར་བ་དང་སྟེས་དབང་གིས་རྒོལ་རྡུང་ཕོག་པ་ཞིག་ཡིན་སྲིད། ཡིན་ནའང་ཕུ་ཊིན་གྱིས་ཁྱེད་ཚོས་གྲོས་སྡུར་ཅི་ཞིག་བྱས་ཀྱང་ཁྱད་པར་མེད། ང་ཚོར་ཅི་ཞིག་སྒྲུབ་འདོད་ཡོད་པ་རྣམས་སྒྲུབ་ཀྱི་ཡོད་ཅེས་ང་ཚོར་ངོ་མཚང་བྲུས་པ་རེད། ནུབ་ཆིངས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཌན་མག་གི་སྲིད་བློན་གྱིས་ཨུ་རུ་སུས་ཉིན་ལྟར་ཡུ་རོབ་ལ་ངོ་བོ་འདྲ་མིན་ཐོག་ཏུ་རྒོལ་རྡུང་བྱས་ཀྱང་ང་ཚོས་དེ་ལ་མགོ་སྒུར་ནས་འདུག་རྒྱུ་ཡིན་ནམ། ནུབ་ཆིངས་ཀྱིས་དེ་ལ་ཡ་ལན་སྤྲོད་རྒྱུ་མིན་ནམ་ཞེས་དྲིས། ལཱ་ཊི་ཝི་ཡའི་སྲིད་འཛིན་གྱིས་ཨ་རིའི་གྲོས་ཚོགས་ནས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༦༠༠་དམག་དོན་རོགས་དངུལ་སྤྲོད་རྒྱུ་ཟླ་བ་༦་ལ་བཀག་ནས་མིག་དཔེ་ངན་པ་ཞིག་བསྟན་སོང་ཞེས་སྐྱོན་བཙུགས།།

ཨེ་སི་ཊོ་ཎི་ཡའི་རྒྱལ་སྲུང་བློན་ཆེན་གྱིས་ལོ་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་ངེས་གཏན་མི་འདུག གལ་སྲིད་ཌོ་ནལ་ཊམ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཨ་མི་རི་ཀས་མུ་མཐུད་དུ་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་ཡིན་མིན་ཐེ་ཚོམ་རེད། དེས་ན་༢༠༢༥་ལོར་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༡༢༠༠་རོགས་དངུལ་འདུ་འགོད་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨ་ཡེ་སི་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་མ་འོངས་པར་ཡུཀ་རེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་ཡིན་ཞེས་ཁས་བླངས་ཚར་བ་རེད། ད་ལྟ་ཁས་ལེན་དེ་ལག་བསྟར་བྱ་རྒྱུ་འགོ་ཚུགས་དགོས། ང་ཚོའི་སྲིད་ཇུས་ནི་ཀུན་ལ་སྒོ་མོ་ཕྱེ་ཡོད་ཟེར་གྱི་ཡོད་པ་རེད། ཡུཀ་རེན་བ་ཚོས་རང་སྲོག་འབེན་ལ་བཙུགས་ནས་འཐབ་རྒོལ་བྱེད་ཀྱི་འདུག ང་ཚོས་ཁྱེད་ཚོའི་འཐབ་རྒོལ་དེ་ང་ཚོའི་འཐབ་རྒོལ་ཡིན་ཟེར་གྱི་ཡོད་པ་རེད། ང་ཚོའི་སྐད་ཆ་དེ་བདེན་པ་ཡིན་ན་ལག་ལེན་གྱི་ཐོག་ནས་ར་འཕྲོད་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་འདུག