ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་དང་ཨེ་ཤ་ཡའི་མཐུན་ཕྱོགས་བློ་ཐག་ཉེ་རུ་འགྲོ་བཞིན་པ།


ཕྱི་ཟླ་བདུན་པའི་ཚེས་༡༠ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཌན་ནང་བྱང་མཚོ་ཨཌ་ལན་ཌིག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ཚོགས་ཆེན་འཚོག་འགོ་ཚུགས་བྱེད་ཀྱི་ཡོད་ཅིང་། དེར་ནིའུ་ཛི་ལནཌ་དང་ ཉི་ཧོང། ལྷོ་ཀོ་རི་ཡ། ཨོ་སི་ཌི་ལི་ཡ་བཅས་ཀྱི་དབུ་ཁྲིད་མགྲོན་འབོད་བྱས་ཡོད་པ་རེད། དེ་དག་སྒྲིག་འཛུགས་དེའི་ཚོགས་མིའི་རྒྱལ་ཁབ་མིན་ནའང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་དེ་དག་ཚོགས་ཆེན་ནང་མཉམ་ཞུགས་བྱས་པ་ད་རེས་ལོ་གསུམ་པ་དེ་ཆགས་ཡོད།

ད་ལམ་གྱི་ཚོགས་ཆེན་དེར་རྒྱ་ནག་གིས་དོ་སྣང་དང་དྭོགས་གཟོན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཡུ་རོབ་དང་ནུབ་ཕྱོགགས་ས་ཐིག་བརྒལ་ནས་མཉམ་ལས་གོང་འཕེལ་འགྲོ་བཞིན་པ་དེར་རྒྱ་ནག་གིས་བློ་ཚབས་བྱེད་ཀྱི་ཡོད། ཕྱོགས་མཚུངས་གོང་གི་རྒྱལ་ཁབ་དེ་དག་གིས་ཨུ་རུ་སུས་ཡུ་ཀེ་རེན་ལ་དྲག་པོའི་དཔུང་འཇུག་བྱས་པ་ནས་བཟུང་ཨ་རིས་སྣེ་ཁྲིད་དེ་ཤུགས་རྐྱེན་ཆེ་བའི་སྒྲིག་འཛུགས་དེ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་ཡང་རྒྱལ་ཁབ་དེ་དག་གི་རང་རང་ས་ཁུལ་དུ་རྒྱ་ནག་གིས་མཚོ་ཐོག་བྱེད་སྒོ་སོགས་གང་ཅིའི་སྒོ་ནས་ཡུལ་གྲུ་དེ་ཚོའི་ཚོང་ལས་དང་བདེ་འཇགས་ལ་ཉེན་ཁ་བཟོ་ཉེན་གྱི་གནས་སྟངས་ཡོད་པར་བརྟེན་དེ་དག་ལ་གདོང་ལེན་བྱེད་རྒྱུར་དམིགས་ཏེ་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་དང་འབྲེལ་ཐག་ཉེ་རུ་གཏོང་གི་ཡོད་པ་རེད་ཅེས་སྲིད་དོན་དབྱེ་ཞིབ་པས་མཛུབ་འདོན་བྱས་འདུག

དེ་དང་ཕྱོགས་མཚུངས་གཟའ་འཁོར་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་བྷི་ལིན་ཀིན་གྱིས་སྦུ་རུཀིནསེ་བློ་སྟོན་ཞིབ་འཇུག་ཁང་ལ་གཏམ་བཤད་གནང་བའི་ནང་ དེང་སྐབས་ཀྱི་ས་ཁམས་ཆབ་སྲིད་ཀྱི་གནས་བབ་ནང་ཨེ་ཤི་ཡ་ནས་ས་ཐག་རིང་པོར་ཆགས་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་སོང་བ་དང་། དེ་བཞིན་རྒྱ་ནག་དང་དམར་ཤོག་རྒྱལ་ཁབ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཡང་ཧ་ཅང་ཉེ་རུ་སོང་བ་བཅས་ཨེ་ཤི་ཡ་ནང་གི་ཆབ་སྲིད་ཀྱི་འགྱུར་བགྲོས་ལ་གཞིགས་ནས་ཡུ་རོབ་རྒྱལ་ཁབ་ཚོའི་བདེ་འཇགས་སོགས་གང་ཅིར་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཤུགས་ཆེ་རུ་སོང་བ་དང་། ཨེ་ཤི་ཡ་ནང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཡུ་རོབ་ནང་གནད་དོན་མང་པོ་ཞིག་གིས་ཁོང་ཚོར་ཤུགས་རྐྱེན་ཡོད་པ་དེ་དག་ལ་གདོང་ལེན་བྱེད་དགོས་པ་མཐོང་གི་ཡོད་རེད་ཅེས་གསུངས་འདུག ཡང་ཁོང་གིས་ད་ཆ་ཡུ་རོབ་ཀྱི་མཐུན་གྲོགས་ཚོ་དང་ཨེ་ཤི་ཡའི་མཉམ་སྦྲེལ། དེ་བཞིན་འཛམ་གླིང་ཁྲོད་མཉམ་ལས་གཞན་ལ་འགག་རྡོ་ཡོད་པ་རྣམས་མེད་པར་བཟོ་རྒྱུར་ཨ་རིའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། དེ་ནི་ད་ཡོད་ས་ཁམས་ཆབ་སྲིད་ཀྱི་ཁོར་ཡུག་གསར་པ་འདིའི་ནང་ལས་དོན་ཚུལ་བཞིན་བསྒྲུབ་ཐབས་ཀྱི་བྱེད་སྒོའི་ཆ་ཤས་ཤིག་རེད་ཅེས་གསུངས་འདུག

དེང་སྐབས་ཨ་རི་དང་རྒྱ་ནག་དབར་གྱི་འགྲན་རྩོད་ཆེ་རུ་འགྲོ་བཞིན་པའི་སྐབས་དེར་བདེ་འཇགས་ཐོག་ཐོུང་གི་སེམས་འཚབ་ཡོད་མཁན་རྒྱལ་ཁབ་ཚོ་འབྲེལ་བ་ཟབ་ཏུ་གཏོང་གི་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་སྣེ་ཁྲིད་པའི་འཛམ་གླིང་གི་འགྲོ་ལུགས་ལ་རྩ་མེད་བཟོ་ཐབས་བྱེད་ཀྱི་འདུག་ཅེས་ཨ་རིས་བརྗོད་ཀྱི་ཡོད་ནའང་། རྒྱ་ནག་གིས་ཨ་རིས་སྣེ་ཁྲིད་པའི་འགྲོ་སྟངས་དེས་རྒྱ་ནག་གོང་འཕེལ་འགོག་ཐབས་ལ་གྲང་དམག་དུས་ཀྱི་བྱེད་བབ་ལག་བསྟར་བྱེད་ཀྱི་འདུག་ཅེས་བཤད།

རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་ལིན་ཅན་གྱིས་བྱང་ཨཌ་ལནཌིག་དམག་དོན་སྒྲིག་འཛུགས་ཀྱིས་རང་གི་ས་མཚམས་བརྒལ་ཞིང་། རྩ་ཚིག་ལས་བརྒལ་ནས་རྒྱ་བསྐྱེད་བྱེད་པ་དང་བདེ་སྲུང་གི་ས་ཚིགས་ལས་བརྒལ་ནས་འཁོན་འཛིན་བཟོ་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་འདུག

གསར་འགོད་པ། པདྨ་བདེ་ཆེན།

རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG