ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་དྲུང་ཟུར་པ་ལིན་ཌ་སུན་འཛིན་བཟུང་།

རྒྱ་མིང་དུ་སུན་ཝེན་ཞེས་འབོད་པ་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ངོ་ཚབ་ཡིན་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་འདུག

༄༅།། ཨ་རིའི་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཁེ་ཐི་ཧོ་ཁུལ་(Kathy Hochul)་གྱི་ལས་དྲུང་ཟུར་པ་ལིན་ཌ་སུན་(Linda Sun)་ནམ། རྒྱ་མིང་དུ་སུན་ཝེན་ཞེས་འབོད་པ་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ངོ་ཚབ་ཡིན་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་འདུག ཕྱི་ཟླ་༩་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༤༡་ལ་སོན་པའི་ལིན་ཌ་སུན་གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་མངོན་འདོད་བསྒྲུབས། རྒྱ་ནག་གཞུང་གིས་ལིན་ཌ་སུན་ལ་ཨ་སྒོར་ས་ཡ་མང་པོའི་ཚོང་ལས་ཀྱི་ཁེ་ཕན་དང་འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་སྤྲད། དེ་བཞིན་ལོ་ན་༤༠་ལ་སོན་པའི་ལིན་ཌ་སུན་གྱི་ཁྱོ་ག་ཧུ་ཞའོ་(Chris Hu)་ལ་དངུལ་ཁྲུས་(ཁྲིམས་འགལ་གྱི་དངུལ་སྨར་དང་ནག་ཚོང་བརྒྱབ་ནས་ཐོབ་པའི་དངུལ་སྨར་རྣམས་དངུལ་ཁང་དུ་བཅུག་སྟེ་ཁྲིམས་མཐུན་གྱི་དངུལ་སྒོར་གཙང་མར་བསྒྱུར་བར་ཟེར)་བྱས་པའི་ནག་ཉེས་བཙུགས། གཟའ་མིག་དམར་ཉིན་ལིན་ཌ་སུན་བཟའ་མི་གཉིས་ཁྲིམས་ཁང་དུ་བཅར་ཡང་ནག་ཉེས་ཕོག་པ་རྣམས་ངོས་ལེན་མ་ཞུས།།

ཨ་རིའི་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཁེ་ཐི་ཧོ་ཁུལ་

ཨ་རིའི་དབུས་ཁྲིམས་སྦྱོར་བ་ཚོས་ལིན་ཌ་སུན་ནས་ཐེ་ཝན་གྱི་གཞུང་ཚབ་པ་ནེའུ་ཡོག་མངའ་སྡེའི་གཞུང་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱེད་དུ་མ་བཅུག་པར་བཀག ནེའུ་ཡོག་མངའ་སྡེ་གཞུང་གི་མཐོ་རིམ་ལས་སྣེ་ཚོ་རྒྱ་ནག་ལ་ལྟ་སྐོར་དུ་བསྐྱོད་པའི་མཛད་རིམ་བསྒྲིགས། ཁོ་མོས་ནེའུ་ཡོག་མངའ་སྡེ་གཞུང་དང་སྤྱི་ཁྱབ་སོགས་ཀྱི་བཀའ་འཁྲོལ་མེད་པར་གཞུང་འབྲེལ་ལས་ཤོག་ཐོག་ཏུ་མགྲོན་ཤོག་བཏང་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་ཨ་མི་རི་ཀར་མགྲོན་འབོད་བྱས། ༢༠༡༩་ལོར་ལིན་ཌ་སུན་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་༧༠་འཁོར་བའི་མཛད་སྒོར་ཞུགས། རྒྱ་ནག་གཞུང་གིས་ལིན་ཌ་སུན་གྱི་ཁྱོ་གར་ཚོང་ལས་ཀྱི་ཁེ་ཕན་སྤྲད་པའི་ཐོག་ཏུ་ལག་རྟགས་རིན་གོང་ཆེན་པོ་དང་རྒྱ་ནག་གི་གཞུང་ཚབ་པའི་མ་བྱན་གྱིས་ཆེད་དུ་བཟོས་པའི་ནན་ཅིན་ངང་ཤ་བསྲེགས་མ་ཐེངས་འགའ་ཞིག་བསྐྱལ། རྩེད་རིགས་དང་འཁྲབ་སྟོན་ཆེ་ཁག་ལ་ལྟད་མོར་བལྟ་ཐུབ་པའི་འཛིན་བྱང་སྤྲད། ཁྱོ་ག་ཧུ་ཞའོ་ཡིས་རྒྱ་ནག་ཏུ་ཚོང་ལས་གཉེར་ནས་ཨ་སྒོར་ས་ཡ་མང་པོ་ཁེ་སང་ཐོབ།།

ལིན་ཌ་སུན་བཟའ་ཚང་གཉིས་ལ་ནེའུ་ཡོག་མངའ་སྡེའི་ནང་དུ་ཨ་སྒོར་ས་ཡ་༤་དང་འབུམ་༡་གྱི་རང་བདག་ཁང་པ་ཞིག་དང་ཧ་ཝ་དབྱི་མངའ་སྡེར་ཨ་སྒོར་ས་ཡ་༢་དང་འབུམ་༡་གི་རང་བདག་ཁང་པ། ད་དུང་༢༠༢༤་ལོའི་ཧྥ་ར་རི་རོ་མ་(2024 Ferrari Roma sports)་རྟགས་ཅན་གྱི་རླངས་འཁོར་ཞིག་ཡོད་ཅིང་། ཧྥ་ར་རི་རོ་མ་རླངས་འཁོར་དེར་བཟོ་གྲྭའི་རིན་གོང་ཨ་སྒོར་༢༤༣༣༥༨་སྤྲོད་དགོས་པ་དང་ནེའུ་ཡོག་མངའ་ཁུལ་གྱི་བྷུ་རུག་ལིན་ཁྲིམས་ཁང་གིས་ལིན་ཌ་སུན་ནས་ཨ་སྒོར་ས་ཡ་༡་དང་ཕྱེད་ཀ་གཏའ་མར་འཇོག་དགོས། ཁྱོ་ག་ཧུ་ཞའོ་ཡིས་ཨ་སྒོར་འབུམ་༥་གཏའ་མར་བཞག་སྟེ་རང་ཁྱིམ་དུ་སྡོད། ཁོ་ཚོ་ཟླ་བ་འདིའི་ཚེས་༢༥་ཉིན་བསྐྱར་དུ་ཁྲིམས་ཁང་ལ་ཡོང་དགོས་ཞེས་ཐག་བཅད། ཁྲིམས་རྩོད་པ་ཇཱེ་རོ་ཌ་ཤེ་ཧྥེར་(Jarrod Schaeffer)་གྱིས་ལིན་ཌ་སུན་ལ་ནག་ཉེས་མེད་ཟེར། གསར་འགོད་པ་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་སྐད་ཆ་དྲིས་ཀྱང་ལན་འདེབས་གང་ཡང་མ་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༣་ཉིན་དུས་བབ་མཉམ་འབྲེལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༦་ནས་ལིན་ཌ་སུན་གྱིས་ནེའུ་ཡོག་མངའ་སྡེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་དཔལ་འབྱོར་འཛུགས་སྐྲུན་ལས་ཁུངས་སུ་གནད་འགག་ཆེ་བའི་གོ་གནས་བཟུང་། ནེའུ་ཡོག་གྲོང་ཁྱེར་དུ་བཅའ་སྡོད་ཐེ་ཝན་དོན་གཅོད་ཁང་གིས་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཟུར་པ་ཨན་ཌི་རིའུ་ཁོ་མོ་དང་ལས་ཐོག་སྤྱི་ཁྱབ་ཁེ་ཐི་ཧོ་ཁུལ་སོགས་གསོལ་སྟོན་ལ་ཕེབས་དགོས་ཞེས་གདན་འདྲེན་ཞུས་ཀྱང་རྒྱ་ནག་གཞུང་གི་བཀོད་འདོམས་ལྟར་ལིན་ཌ་སུན་གྱིས་ནེའུ་ཡོག་མངའ་སྡེའི་འགོ་ཁྲིད་ཚོ་ཐེ་ཝན་གྱི་གསོལ་སྟོན་ཁག་ལ་མ་ཕེབས་ན་ལེགས་ཞེས་བཀག ༢༠༡༦་ལོར་ཐེ་ཝན་གཞུང་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོང་ལས་ཀྱི་གསོལ་སྟོན་ཞིག་བཤམས་ནས་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་གཞོན་པ་ཁེ་ཐི་ཧོ་ཁུལ་གདན་འདྲེན་ཞུས་ཀྱང་ལིན་ཌ་སུན་གྱིས་སླར་ཡང་བཀག་སྟེ་མཉམ་ཞུགས་མ་ཐུབ། ལིན་ཌ་སུན་གྱིས་ནེའུ་ཡོག་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་ཞིག་ལ་ལས་དོན་དེ་འདོད་བློ་ཚིམས་པ་ཞིག་འཁྱོངས་སོང་ཞེས་བཤད།།

ལིན་ཌ་སུན་༡༩༨༣་ལོར་རྒྱ་ནག་ཏུ་སྐྱེས། ཁོ་མོ་བྱིས་པའི་དུས་སུ་ཕ་མའི་མཉམ་དུ་ཨ་རིར་གཏན་སྡོད་གཞིས་ཆགས་སུ་བསླེབས། ཕྱིས་སུ་ཨ་རིའི་བྷར་ན་ཌི་དང་ཀོ་ལིམ་བྷི་ཡ་སློབ་ཆེན་ཐོན། ཐོག་མར་ནེའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་གྷ་རེ་སི་མེང་གི་ལས་དྲུང་འགན་འཛིན་གྱི་གནས་རིམ་ནས་ཆེད་ལས་འགོ་ཚུགས། དེའི་རྗེས་སུ་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཨན་ཌི་རིའུ་ཁོ་མོའི་གཞུང་གིས་ལིན་ཌ་སུན་ཨ་རི་བ་ཨེ་ཤི་ཡའི་མི་རིགས་ལས་དོན་ཁང་གི་འགན་འཛིན་དུ་བསྐོས། ལིན་ཌ་སུན་གྱིས་ལོ་༡༤་ལ་ནེའུ་ཡོག་མངའ་སྡེའི་ལས་རྩོལ་ལས་ཁུངས་དང་ནོར་སྲིད་ལས་ཁུངས་བཅས་སུ་སྲི་ཞུ་བསྒྲུབས། ༢༠༢༡་ལོའི་ཕྱི་ཟླ་༩་ནང་མངའ་སྡེའི་སྤྱི་ཁྱབ་ཁེ་ཐི་ཧོ་ཁུལ་གྱི་སྤྱི་ཁྱབ་ལས་དྲུང་གཞོན་པར་གྱུར་ཏེ་མངའ་སྡེའི་སྤྱི་ཁྱབ་སྔ་རྗེས་གཉིས་ལ་ཤུགས་རྐྱེན་ཐེབས། ལིན་ཌ་སུན་གྱིས་མངའ་སྡེའི་སྤྱི་ཁྱབ་ཧོ་ཁུལ་གྱི་མཚན་མཚན་ཐོག་ཏུ་མགྲོན་ཤོག་ལག་བྲིས་མ་ཞིག་ལ་མཚན་རྟགས་རྫུན་མ་བསྐྱོན་ནས་རྒྱ་ནག་གི་ཧོ་ནན་ཞིང་ཆེན་གྱི་སྐུ་ཚབ་ཚོགས་པ་ཞིག་ནེའུ་ཡོག་ལ་མགྲོན་འབོད་བྱས།།

ཕྱི་ཟླ་༩་པའི་ཚེས་༤་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོར་ལིན་ཌ་སུན་ལ་གླ་ཕོགས་ཨ་སྒོར་༡༤༠༠༠༠༠་ལས་མེད་ཀྱང་རྒྱས་སྤྲོས་ཀྱི་འཚོ་བར་རོལ། ༢༠༡༦་ལོར་རྒྱ་ནག་གི་དངུལ་ཁང་ཞིག་ནས་ལིན་ཌ་སུན་དང་ཧུ་ཞའོ་གཉིས་ལ་འགྲིམ་འགྲུལ་གྱི་དངུལ་སྒོར་ཞེས་ཨ་སྒོར་༤༧༨༩༥་འབྱོར། ༢༠༡༨་ལོར་ལིན་ཌ་སུན་དང་བཟའ་མི་ཚོ་རྒྱ་ནག་ལ་ཕྱིན་པའི་སྐབས་སུ་རྒྱལ་ཁབ་ཀྱི་འགོ་ཁྲིད་རིམ་པ་བཞུགས་སའི་མགྲོན་ཁང་ཞིག་ཏུ་བསྡད། ༢༠༡༩་ལོར་མིང་འདོན་མ་བྱས་པའི་ཨ་རིར་གཏན་སྡོད་བྱེད་མཁན་ཞིག་གིས་ལིན་ཌ་སུན་ལ་འགྲོ་གྲོན་བཏང་ནས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་༧༠་འཁོར་བའི་མཛད་སྒོར་ཞུགས། ༢༠༡༧་ལོར་ནེའུ་ཡོག་མངའ་ཁུལ་དུ་ཚུགས་ཡོད་པའི་ཧོ་ནན་པའི་མཐུན་ཚོགས་ཀྱིས་ལིན་ཌ་སུན་རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་དུ་འཚོགས་ཀྱི་ཡོད་པའི་མཛད་སྒོ་ཞིག་ལ་གཏམ་བཤད་བྱེད་དུ་བསྐྱོད་དགོས་ཞེས་རེ་བ་བཏོན།།

ཁྲིམས་སྦྱོར་ཡིག་ཆའི་ནང་དུ་ཧོ་ནན་པའི་མཐུན་ཚོགས་ཀྱིས་ལིན་ཌ་སུན་བཟའ་ཚང་གཉིས་དང་ཁོ་མོའི་ཕ་མ་ཚོར་ལམ་གྲོན་བཏང་སྟེ་མགྲོན་ཁང་བཀོད་སྒྲིག་བྱས་འདུག ཁོ་ཚོའི་ལམ་གྲོན་དང་མགྲོན་ཁང་གི་འགྲོ་གྲོན་ཁག་ཅིག་རྒྱ་ནག་གཞུང་གིས་བཏང་ཞིང་། ཧོ་ནན་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གི་འགག་སྒོའི་དཀའ་ངལ་སེལ་ཏེ་ལིན་ཌ་སུན་གྱི་ཁྱོ་ག་ཧུ་ཞའོ་ཡིས་ཨ་རི་ནས་རྒྱ་ནག་གི་ཧོ་ནན་ཞིང་ཆེན་ལ་སྡིག་སྲིན་གསོན་པོའི་མཚོ་ཟས་བཙོངས་ཏེ་ཚོང་ལས་དར། ལོ་ཤས་གོང་དུ་ལིན་ཌ་སུན་ཨ་མི་རི་ཀའི་ནེའུ་ཡོག་མངའ་སྡེའི་གཞུང་འབྲེལ་མི་སྣའི་མཚན་ཐོག་ཏུ་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་ལ་ཕྱོགས་སྐྱོད་བྱས་པའི་སྐབས་སུ་གྲངས་ཚད་ངེས་བཟུང་མེད་པ་དང་ལེན་མི་ཆོག་པའི་ལག་རྟགས་བླངས། ད་དུང་ཅང་སུའི་ཞིང་ཆེན་གཞུང་གིས་ལིན་ཌ་སུན་གྱི་གཉེན་ཚན་ཞིག་ལ་ལོ་བཅུའི་ལས་ཀ་སྤྲོད་རྒྱུའི་གན་རྒྱ་བཞག ལིན་ཌ་སུན་བཟའ་ཚང་གཉིས་དང་རྒྱ་ནག་གཞུང་གི་འབྲེལ་བ་དེ་ནེའུ་ཡོག་མངའ་ཁུལ་དུ་གཞིས་ཚུགས་ཡོད་པའི་རྒྱ་ནག་པའི་སྐྱིད་སྡུག་ཚོགས་པ་ཁག་བརྒྱུད་ནས་བྱུང་འདུག་ཅེས་འཁོད།།

ཕྱི་ཟླ་༩་པའི་ཚེས་༤་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཁེ་ཐི་ཧོ་ཁུལ་དང་སྤྱི་ཁྱབ་ཟུར་པ་ཨན་ཌི་རིའུ་ཁོ་མོ་གཉིས་ཀས་ལིན་ཌ་སུན་རྒྱ་ནག་གི་གསང་བའི་ངོ་ཚབ་ཅིག་ཡིན་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་པའི་གསར་འགྱུར་ཐོས་པར་ཧང་སང་སོང་ཞེས་བསྒྲགས། ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཧོ་ཁུལ་གྱིས་ལིན་ཌ་སུན་རྒྱ་གཞུང་གི་ངོ་ཚབ་ཡིན་པ་ནི་ཆེས་ཐབས་རྡུགས་ཤིག་རེད། ང་ཚོས་ཁོ་མོ་སྔ་ལོ་ནས་གནས་དབྱུང་བཏང་བ་ཡིན། ཁོ་མོས་མི་དམངས་དང་སྲིད་གཞུང་། མངའ་སྡེའི་གཞུང་གི་ལས་སྣེ་ཚོའི་ཡིད་ཆེས་ལ་རྡོག་བརྫིས་བཏང་བ་ཐ་ཤལ་ཤིག་རེད། ང་ཚོས་ལིན་ཌི་སུན་གྱིས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ཏུ་དབུས་ཁྲིམས་འཛིན་ལྷན་ཁང་ལ་བརྡ་བརྒྱབ་ནས་རྩིས་སྤྲོད་བྱས་པ་ཡིན། ང་ཚོས་མུ་མཐུད་དུ་མཐུན་འགྱུར་བྱས་ནས་དགོས་ངེས་ཀྱི་ཡིག་ཆ་ཁག་མཁོ་སྤྲོད་དང་ནག་ཉེས་མཐའ་དག་ཐེར་འདོན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་འདུག