ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱས་ཨ་རིའི་འོས་འཕེན་པར་དམིགས་ཚད་བཟུང་བ།


རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱས་ཨ་རིའི་འོས་འཕེན་པར་དམིགས་ཚད་བཟུང་བ།
རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱས་ཨ་རིའི་འོས་འཕེན་པར་དམིགས་ཚད་བཟུང་བ།

བདེན་རྫུན་ཕྱེ་བ་ཞེས་པའི་ཨ་རིའི་ཞིབ་འཇུག་ལྷན་ཁང་ཞིག་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཞིག་གིས་ཨ་རིའི་སྤྱི་འབངས་ཡིན་ཁུལ་གྱིས་ཕྱི་ཟླ་༡༡པའི་ཚེས་༥ཉིན་བྱ་རྒྱུའི་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཤུགས་རྐྱེན་བྱེད་རྒྱུར་ཨ་རིའི་ཆབ་སྲིད་མི་སྣ་དང་ཆབ་སྲིད་ཚོགས་པའི་སྐོར་ལ་གནས་ཚུལ་རྫུན་མ་མང་པོ་ཞིག་སྤེལ་གྱི་ཡོད་སྐོར་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་སྤེལ་བྱས་འདུག

རུའི་ཀྲར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་དོན་བྱས་ན་གྷྲ་ཕཱི་ཁ་ཞིབ་འཇུག་ཁང་གིས་སྤེལ་བའི་སྙན་ཐོའི་ནང་སཱི་བྷམ་མུ་ཕྷེ་ལཱ་ཇེ་ཞེས་པའི་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་དེས་༢༠༡༧ལོ་ནས་བཟུང་གནས་ཚུལ་འདྲ་མིན་སྤེལ་གྱི་ཡོད་པ་དང་། ཉེ་དུས་ནས་གནས་ཚུལ་རྫུན་མ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཐེ་ཇུས་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་པ་དང་། དེ་ཡང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྲ་རྒྱ་དེའི་ཐོག་༢༠༢༤ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་འགུལ་ལ་དམིགས་ནས་ཨ་རིའི་མི་སེར་ཕལ་པ་དང་དམག་མི་སོགས་ཀྱི་མིང་རྫུས་ཐོག་འོས་འཕེན་པ་མི་མང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་མངལ་ནང་ཕྲུག་གཏོར་དང་། ལས་མེད་ཀྱི་དཀའ་ངལ། ཨ་རིས་ཡུ་ཀེ་རན་ལ་དམག་དོན་རོགས་རམ་དང་། ཨིས་རལ་ཐོག་འཛིན་པའི་སྲིད་ཇུས་སོགས་རྩོད་གཞི་ཅན་གྱི་གནད་དོན་ཁག་གི་སྐོར་གནས་ཚུལ་རྫུན་མ་མང་དག་ཞིག་སྤེལ་ཏེ་ཨ་རིའི་སྲིད་དོན་པ་སྒེར་དང་སྲིད་དོན་ཚོགས་པའི་དབར་འགལ་ཟླ་བཟོ་བ་དང་འོས་བསྡུ་ལ་ཐེ་ཇུས་བྱེད་བཞིན་ཡོད་པའི་སྐོར་སྙན་ཐོའི་ནང་བཀོད་འདུག དཔེར་ན། རྒྱ་ནག་གི་དྲ་རྒྱའི་ལས་ཁུངས་དེས་ཨེཀྶ་དྲ་རྒྱའི་ཐོག་ལ་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་བཙོན་པའི་གོས་དང་གཡོ་སྒྱུ་ཅན་ཞེས་བྲིས་པའི་དཔར་དང་ཡང་སྲིད་འཛིན་ཇཱོ་བྷའི་ཌན་ལ་བློ་ཁོག་མེད་མཁན་ཞེས་བྲིས་པའི་གནས་ཚུལ་ཁག་དྲ་རྒྱ་༥༠ཙམ་ཞིག་ཐོག་ལ་བཀྲམས་ཡོད་པ་དང་། ཡང་སྲིད་འཛིན་ཇཱོ་བྷའི་ཌན་དང་ལྕམ་ཀ་མ་ལ་ ཧ་རེ་སི་ལ་སྐྱོན་བརྗོད་འདྲ་མིན་བྱེད་པ་དང་། དུས་མཚུངས་སྲིད་འཛིན་ཟུར་པ་ཊམ་དང་སྤྱི་མཐུན་སྲིད་དོན་ཚོགས་པར་སྐྱོན་བརྗོད་འདྲ་མིན་དང་། ཡང་མི་བཟོས་རིག་ནུས་ཐོག་ནས་གནས་ཚུལ་མང་དག་ཞིག་རྫུན་བཟོ་བྱས་ཡོད་པའི་སྐོར་དཔེ་མཚོན་དང་བཅས་སྙན་ཐོའི་ནང་བཀོད་པ་དང་། ཞིབ་འཇུག་ཁང་དེའི་ཞིབ་འཇུག་དབུ་ཁྲིད་ཀྱིས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་དེས་ཨ་རིའི་ཆབ་སྲིད་ཀྱི་རྩོད་གཞིའི་ནང་ཐེ་ཇུས་སྔར་བས་ཤུགས་ཆེ་རུ་གཏོང་བཞིན་འདུག་ཅེས་གསུངས་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས་གྷ་ཕཱི་ཁ་ཞིབ་འཇུག་ཁང་གིས་བཏོན་པའི་སྙན་ཐོ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། རྒྱ་ནག་གིས་ཨ་རིའི་སྲིད་དོན་ཚོགས་པ་གཅིག་ལ་ཕྱོགས་ཞེན་དང་གཞན་དེ་ལ་གནོད་འཚེའི་ཆེད་གནས་ཚུལ་བཀྲམ་གྱི་མེད་ནའང་། དམིགས་ཡུལ་ཆེན་པོ་ཞིག་གི་ཐོག་ནས་ཨ་རིའི་སྤྱི་ཚོགས་སྤྱི་ལ་གནོད་འཚེ་དང་མི་མང་ནས་སྲིད་གཞུང་ལ་མི་དགའ་བ་བཟོ་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད།

གོང་གི་གནས་ཚུལ་དེའི་སྐོར་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་

ལིའུ་ཉིང་གིས་རུའི་ཀྲར་གསར་ཁང་ལ་ཨ་རིའི་འོས་བསྡུའི་ལས་འགུལ་ཐད་ལ་རྒྱ་ནག་ནས་ཐེ་ཇུས་བྱེད་མི་སྲིད་པ་དང་ཨ་རིའི་གཞུང་ནས་རྒྱ་ནག་ལ་དོན་མེད་

སྐྱོན་བརྗོད་རིགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཅེས་བཤད་འདུག

རུའི་ཀྲར་གསར་ཁང་ནས་བཏུས།

གསར་འགོད་པ། པ་སངས་དབྱངས་སྐྱིད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG