ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཨ་རིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་རྣོ་ངར་དང་འགྲན་རྩོད་ཆེན་པོས་བྱ་རྒྱུ།


སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་

སྤྱི་ཟླ་བཅུ་ཅིག་གི་ཚེས་ལྔ་ཉིན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་བྱ་རྒྱུའི་དུས་ཚེས་ཉེ་རུ་འགྲོ་བཞིན་ཡོད་པར་བརྟེན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་སྐུ་གཞོན་ཀཱ་མ་ལ་ ཧེ་རི་སི་རྣམ་གཉིས་ཀྱིས་འོས་བསྡུར་རྒྱལ་ཁ་ཐོབ་རྒྱུར་འགག་རྩའི་མངའ་སྡེ་ཆེ་ཁག་བདུན་ནང་དཔལ་འབྱོར་གྱི་འགྲོ་གྲོན་ཡོད་དོ་ཅོག་བཏང་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འགྱུར་ཤུགས་གནོན་རྒྱག་གི་ཡོད་ཅིང། སྲིད་འཛིན་གྱི་འོས་མི་གཉིས་ཀྱིས་འོས་ཤོག་གི་རྒྱབ་སྐྱོར་ཐོབ་ཡུལ་གྱི་མངའ་སྡེ་གལ་ཆེན་ཁག་ཐོག་དམིགས་འབེན་བཟུང་ནས་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་སོགས་བརྒྱུད་རང་གི་ལངས་ཕྱོགས་དང་སྲིད་ཇུས་སྐོར་དྲིལ་བསྒྲགས་ཆེད་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་དང་གཏོང་བཞིན་ཡོད།

སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཐད་ཤུགས་གནོན་རྒྱག་ཡུལ་གནད་དོན་གལ་ཆེན་གསུམ་ཡོད་པ་དེ་དག་ནི་དཔལ་འབྱོར་དང་ཕྱི་མི་གཞི་ཆགས། དེ་བཞིན་མངལ་གནས་ཕྲུག་གཏོར་བཅས་ཡིན་པ་དང་། སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་དབར་བདུན་ཕྲག་རྗེས་མར་བརྙན་འཕྲིན་ཐོག་བགྲོ་གླེང་ཐེངས་དང་པོ་བྱ་རྒྱུ་ཡིན་འདུག ཨ་རིའི་འོས་བསྡུ་ཆེན་མོ་བྱེད་པར་ད་ཆ་ཉིན་གྲངས་༦༣ལས་མེད་པ་དང་། འོས་བསྡུ་དེས་འཛམ་གླིང་ནང་གི་སྟོབས་ཤུགས་ཆེ་ཤོས་ཨ་རི་རྒྱལ་ཁབ་ཀྱི་འགོ་ཁྲིད་སྲིད་འཛིན་ལ་འགྲན་རྩོད་བྱེད་མཁན་འོས་མི་གཉིས་ནས་སུས་བྱེད་ཀྱི་ཡོད་པ་དེ་ཡང་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། དངོས་གཞིའི་འོས་བསྡུ་བྱེད་པར་ཟླ་བ་གཉིས་ཙམ་ལས་མེད་པའི་སྐབས་འདིར་ཕྱོགས་གཉིས་ཀའི་ལས་སྣེ་ཚོས་མཐའ་མའི་འོས་བསྡུའི་ལས་འགུལ་ལ་ཤུགས་གནོན་ཆེན་པོ་རྒྱག་རྒྱུ་འགོ་འཛུགས་བྱེད་ཀྱི་ཡོད་པ་མ་ཟད། སྐབས་འདིར་ཕྱོགས་གཉིས་ཀས་གསང་བའི་ཐོག་ནས་འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་ངེས་གཏན་མེད་པ་དེ་ཡང་ཁས་ལེན་བྱེད་དགོས་གྱུར་ཡོད།

སྲིད་འཛིན་འོས་མི་གཉིས་ལ་མི་དམངས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཇི་ཙམ་ཡོད་པའི་ཐད་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌལ་ནལ་ཊམ་དང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་དང་སྲིད་འཛིན་སྐུ་གཞོན་ཀཱ་མ་ལ་ ཧེ་རི་སི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་གཅིག་མཚུངས་ལྟ་བུ་ཡོད་པ་གསལ་འདོན་བྱས་འདུག

མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ ཀཱ་མ་ལ་ ཧེ་རི་སིའི་འོས་བསྡུའི་དྲིལ་བསྒྲགས་ལས་སྣེ་ཚོས་རེས་བཟའ་སྤེན་པར་གནས་ཚུལ་སྤེལ་ནས་འགྲན་སྡུར་ནང་ད་ལྟའི་སྐབས་འདིར་ང་ཚོ་ནི་རང་གི་ཁ་གཏད་ལས་རྣམ་པར་རྒྱལ་རྒྱུའི་གོ་སྐབས་དེ་ཙམ་ཆེན་པོ་མེད་ལུགས་བཀོད་ཡོད་འདུག ལྕམ་ཀཱ་མ་ལ་ ཧེ་རི་སིའི་མཐོ་རིམ་འཐབ་ཇུས་འདྲི་ཡུལ་ཌེ་ཝིཌ་ པ་ལུ་ཕེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རང་གི་ཁ་གཏད་ལས་རྣམ་པར་རྒྱལ་འགྱུར་མདུན་སྐྱོད་བྱ་རྒྱུ་དེ་ནི་ལས་སླ་པོ་གཅིག་མིན་པ་དང། འགྲན་སྡུར་དེ་ནི་དཀའ་ཚེགས་ཆེ་བའི་འགྲན་སྡུར་ཞིག་རེད། ཡིན་ནའང་ཀཱ་མ་ལ་ ཧེ་རི་སི་ལ་འོས་བསྡུའི་ནང་རྒྱལ་ཁ་ཐོབ་འགྱུར་དགོས་དངེས་ཀྱི་གདན་སྟེགས་༢༧༠་ཐོབ་ནས་ཌོ་ནལ་ཊམ་ཕམ་ཉེས་སུ་གཏོང་ཐུབ་པ་ཞིག་རེད། དེ་ནི་ད་ཡོད་ཀྱི་འོས་བསྡུའི་གནས་སྟངས་ཀྱི་དངོས་ཡོད་གནས་ཚུལ་དེ་རེད་ཅེས་ནན་བརྗོད་བྱས་ཡོད་འདུག

དེའི་འབར་སྲིད་འཛིན་ཟུར་པ་ཊམ་གྱིས་རང་ཉིད་ཀྱི་ཁ་གཏད་འགྲན་སྡུར་ནང་མདུན་སྐྱོད་བྱེད་ཀྱི་ཡོད་པའི་རྣམ་པ་ཐོན་པ་ཙམ་ལ་འགག་པ་ཤུགས་ཆེ་བྱས་ཏེ་ཀཱ་མ་ལ་ལ་རྒྱལ་ཁ་ཐོབ་ན་ང་ཚོའི་རྒྱལ་ཁབ་ཚར་བ་རེད་ཅེས་བརྗོད་ཀྱི་ཡོད་འདུག

སྲིད་འཛིན་ཇཱོ་བྷའི་ཌན་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་གནང་སྐབས་རྒྱུན་དུ་མང་གཙོ་ཚོགས་པར་རྒྱབ་སྐྱོར་ཐོབ་ཡུལ་གྱི་མངའ་སྡེ་གལ་ཆེན་ཁག་བཞི་ཙམ་གྱི་ནང་བྷའི་ཌན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་ཡོད་ཀྱང་། བྷའི་ཌན་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱས་ནས་སྲིད་འཛིན་སྐུ་གཞོན་ཀཱ་མ་ལ་ ཧེ་རི་སི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་བདམས་པ་ནས་བཟུང་གོང་ཞུས་ཀྱི་མངའ་སྡེ་དེ་དག་གི་ནང་ཀཱ་མ་ལ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ཡོད་འདུག གལ་སྲིད་ཀཱ་མ་ལ་ཧེ་རི་སི་ལ་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པ་ཡིན་ན་ཁོང་ནི་ཨ རིའི་ལོ་རྒྱུས་ནང་བུད་མེད་ཨ་རིའི་སྲིད་འཛིན་གནང་མཁན་དང་པོ་དེར་འགྱུར་རྒྱུ་ཡིན་པ་རེད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG