ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

སྲིད་འཛིན་འོས་མི་གཉིས་འགྲོ་གླེང་མ་བྱས་གོང་འགྲོ་གླེང་གི་སྒྲིག་གཞིའི་ཐད་ལ་རྩེད་གླེང་།


ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་གཉིས་གདོང་ཐུག་བཀའ་མོལ་གནང་མྱོང་མེད་པ་མ་ཟད། ཕན་ཚུན་བཀའ་མོལ་གནང་རེས་བྱུང་མེད། འོན་ཀྱང་ཟླ་བ་རྗེས་མའི་ཕྱི་ཚེས་བཅུའི་ཉིན་སྲིད་འཛིན་འོས་མི་གཉིས་དབར་བགྲོ་གླིང་དང་པོ་དེ་གནང་རྒྱུ་ཡིན་ཅིང་། བགྲོ་གླེང་མ་བྱས་གོང་བགྲོ་གླིང་བྱ་ཕྱོགས་ཀྱི་སྒྲིག་གཞིའི་ཐད་རྩོད་གླེང་བྱུང་བཞིན་པ་རེད།

དེ་ཡང་ཟླ་བ་རྗེས་མར་ཨ་རིའི་ཤར་ཕྱོགས་མངའ་སྡེ་ཧྥི་ལི་ཌི་ཧྥི་ཡའི་ནང་སྲིད་འཛིན་འོས་མི་གཉིས་དབར་བགྲོ་གླིང་བྱ་རྒྱུ་ཐག་གཅོད་བྱས་སྐབས་ཕྱོགས་གཉིས་ཀྱི་འོས་བསྡུའི་ལས་སྣེ་ཚོས་དེའི་གོང་ལ་སྲིད་འཛིན་ཇོ་ བྷའི་ཌན་དང་སྐུ་ཞབས་ཊམ་གཉིས་བགྲོ་གླིང་བྱས་པའི་སྐབས་ཀྱི་སྒྲིག་གཞི་ལྟར་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅིང། སྐབས་དེར་འོས་མི་གཅིག་གིས་བཀའ་མོལ་གནང་སྐབས་གཞན་དེས་བཀའ་མོལ་གནང་སའི་སྒྲ་བུག་བཀག་དགོས་བཟོས་ཡོད། ད་ཆ་འོས་མི་གཉིས་ཀྱི་བགྲོ་གླིང་གི་དུས་ཡུན་ཆ་ཚང་ལ་ཕྱོགས་གཉིས་ཀའི་སྒྲ་བུག་བཀག་བསྡོམས་མེད་པར་ཁ་ཕྱེ་ནས་བཞག་དགོས་པར་ལྕམ་ཧེ་རིས་ཡིས་དགོས་འདུན་འདོན་བཞིན་པ་རེད། གལ་ཏེ་ཕྱོགས་གཉིས་ཀའི་སྐད་སྦུག་ཁ་ཕྱེ་ན། ཕྱོགས་གཉིས་དབར་ཐད་བཀར་བགྲོ་གླིང་མང་པོ་ཡོང་ཐུབ་པ་མ་ཟད། གཅིག་གི་གཞན་དེར་སྐྱོན་བརྗོད་རིགས་ཡང་བྱེད་བདེ་བ་ཡོང་ཐུབ།

ལྕམ་ཧེ་རིས་ཡི་འོས་བསྡུའི་དྲིལ་བསྒྲགས་ཀྱི་མགྲིན་ཚབ་པ་བྷི་རྱན་ ཕ་ལེན་གྱིས་གསུངས་ན། ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་དོན་གཉེར་བས་འོས་མི་གཉིས་ཀྱི་སྐད་སྦུག་དེ་སྐར་མ་༩༠ རིང ཁ་བརྒྱབས་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཅིང་། འདིའི་རྒྱུ་མཚན་ནི། དུས་ཡུན་སྐར་མ་༩༠ རིང་ཁོང་ཚོའི་འོས་མིས་སྲིད་འཛིན་གྱི་ཀུན་སྤྱོད་སྲུང་ཐུབ་གྱི་མེད་པའི་རྐྱེན་གྱི་ཡིན་པ་རེད། ལྕམ་ཧེ་རིས་ཡིས་སྐུ་ཞབས་ཊམ་གྱིས་རྒྱུན་དུ་རྫུན་བཤད་ཀྱི་ཡོད་པ་ཡོངས་གྲགས་ཡིན་པ་དེར་གདོང་ལེན་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། ཊམ་བཀད་སྡོམ་བྱས་པའི་སྐད་སྦུག་འོག་གབ་གཡིབ་བྱེད་འཇུག་རྒྱུ་མརེད་ཅེས་འགྲེལ་བརྗོད་བྱས་འདུག

སྐུ་ཞབས་ཊམ་གྱི་མགྲིན་ཚབ་པ་ཇེ་སོན་ མི་ལར་གྱིས་གསུངས་དོན་ལ། སྤྱི་མཐུན་ཚོགས་པས་དེའི་གོང་སི་ཨན་ཨན་བརྙན་འཕྲིན་ཐོག་བགྲོ་གླིང་གོ་སྒྲིག་བྱས་སྐབས་ཀྱི་སྒྲིག་གཞི་དང་གཅིག་མཚུངས་བྱ་རྒྱུའི་ཁས་ལེན་བྱས་འདུག ཡང་སྐུ་ཞབས་ཊམ་གྱིས་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལ། དེའི་གོང་གི་བགྲོ་གླིང་གི་སྒྲིག་གཞི་ལ་ང་ཚོས་ལག་བསྟར་བྱ་རྒྱུ་ཁས་ལེན་བྱས་ཡོད། དེ་ལྟར་ནའང། ང་ཚོར་ཁྱད་པར་གང་ཡང་མིན་འདུག ཕྱོགས་གཉིས་དབར་མོས་མཐུན་བྱུང་བ་དེ་དེའི་གོང་གི་བགྲོ་གླིང་གི་སྒྲིག་གཞི་ཁག་གི་ཐོག་ལ་ང་ཚོས་མོས་མཐུན་བྱས་ཡིན། ད་ཆ་ཁོང་ཚོས་བགྲོ་གླིང་ལས་འགུལ་ནས་ཕྱིར་འཐེན་བྱེད་ཐབས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཡང་རེས་གཟའ་ཉིན་མའི་ཉིན་སྐུ་ཞབས་ཊམ་གྱིས་སྒེར་གྱི་དྲ་ལམ་ཐོག་ཨེ་བྷི་སི་ བརྙན་འཕྲིན་ལས་ཁང་གིས་གོ་སྒྲིག་བྱ་རྒྱུའི་བགྲོ་གླེང་ལ་ཁོང་མཉམ་བཞུགས་བྱེད་མི་སྲིད་པའི་གནས་སྟངས་ཡོང་སྲིད་ཅེས་དང་། མི་མང་ཚོས་འབྱུང་འགྱུར་གྱི་གནས་སྟངས་ལ་དངངས་སྒུག་བྱེད་དགོས་ཞེས་འགྲེལ་བརྗོད་གནང་འདུག

སྐུ་ཞབས་ཊམ་དང་ལྕམ་ཧེ་རིས་གཉིས་ད་ཕན་ནམ་ཡང་ཐུག་འཕྲད་གནང་མྱོང་མེད་པ་མ་ཟད། ཁ་པར་ཐོག་ནས་བཀའ་མོལ་ཡང་གནང་མྱོང་མེད་ཅིང། ཁོང་གཉིས་ཀྱི་གཅིག་གི་གཞན་དེར་ཡང་ཡང་སྐྱོན་བརྗོད་གནང་རེ་བྱེད་བཞིན་པ་རེད།

ད་ཕན་ཨ་རིའི་སྲིད་འཛིན་འོས་བསྡུའི་བགྲོ་གླེང་མང་ཆེ་བའི་སྐབས་སུ་འོས་མི་གཅིག་གིས་བཀའ་མོལ་གནང་སྐབས་གཞན་དེའི་སྐད་སྦུག་ཁ་བརྒྱབ་ཡོད་ཅིང་། ཕྱི་ལོ་༢༠༢༠ ལོར་སྐུ་ཞབས་ཊམ་དང་བྷ་ཊན་གཉིས་བགྲོ་གླིང་ཐེངས་དང་པོ་གནང་སྐབས་ཁོང་གཉིས་ཀྱི་སྐད་སྦུག་ཁ་ཕྱེ་ནས་བཞག་པར་བརྟེན་ཁོང་གཉིས་ནས་གཅིག་གིས་བཀའ་མོལ་གནང་སྐབས་གཞན་དེས་སྐྱོན་བརྗོད་ལ་སོགས་བྱས་པར་བརྟེན་མི་མང་ཚོས་ཕྱོགས་གཉིས་ཀྱི་སྲིད་བྱུས་ལངས་ཕྱོགས་རྣམས་ཤེས་རྟོགས་དེ་ཙམ་ཡག་པོ་བྱུང་མེད། ཆབ་སྲིད་ཉམས་ཞིབ་པ་ཚོས་བཤད་ན། ཉེ་ཆར་སྲིད་འཛིན་གྱི་བགྲོ་གླིང་བྱས་པ་དེ་ནི་ད་ཕན་སྲིད་འཛིན་གྱི་བགྲོ་གླིང་བྱས་པ་ཡོངས་ཀྱི་ནང་ནས་སྡུག་ཤོས་དེ་བྱུང་ཡོད་པ་ངོས་འཛིན་བྱས་ཡོད་པ་རེད།

གཞི་རྩའི་སྲིད་འཛིན་འོས་བསྡུའི་གོང་ལ་འོས་མིའི་དབར་ལ་བགྲོ་གླེང་དེ་རྒྱུན་ལྡན་ལྟ་བུ་ཡིན་མོད། འོན་ཀྱ་སྐུ་ཞབས་ཊམ་དང་ལྕམ་ཧི་རིས་ངབར་གྱི་འོས་བསྡུའི་འགྲན་བརྩོད་དེ་སྣོ་ངར་ཆེན་པོར་གྱུར་བར་བརྟེན་འབྲེལ་ཡོད་འོས་མི་གཉིས་ཀས་བགྲོ་གླིང་ཧ་ཅང་ཡག་པོ་བྱ་དགོས་པའི་གནོན་ཤུགས་ཆེན་པོ་ཡོང་གི་ཡོད།

དེ་སྔ་ཡིན་ན། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཁག་སྲིད་འཛིན་འོས་བསྡུའི་བགྲོ་གླིང་ཚོགས་ཆུང་གིས་གོ་སྒྲིག་བྱེད་སྲོལ་ཡོད་ཅིང། འདི་ལོའི་བགྲོ་གླེང་དེ་ཚོགས་ཆུང་དེ་དང་འབྲེལ་གང་ཡང་མེད་པའི་ཐོག་ནས་ཨ་རིའི་ནང་གི་བརྙན་འཕྲིན་ལས་སོ་སོས་འོས་མི་ཚོ་དང་འབྲེལ་བྱས་ཏེ་བགྲོ་གླིང་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG