ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཊམ་དང་ཧེ་རིས་གཉིས་འགྲན་རྩོད་ཆེ་བའི་མངའ་སྡེའི་ནང་དྲིལ་བསྒྲགས་ལས་འགུལ་ཆེད་བསྐྱོད།


གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་ཁོང་གི་ཁ་གཏད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་གཞོན་པ་ཀ་མ་ལ་ ཧེ་རེས་གཉིས་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་ཐུབ་པའི་མངའ་སྡེ་བདུན་ལ་བསྐྱོད་དེ་འོས་བསྡུའི་དྲིལ་བསྒྲགས་ཤུགས་ཆེ་གནང་རྒྱུ་ཡིན་པ་དང་། ཊམ་གྱིས་རེས་གཟའ་ཟླ་བའི་ཉིན་མི་ཆི་གྷན་མངའ་སྡེའི་གནད་ཡོད་ས་གནས་ཌི་ཀྲོ་རེཌ་ལ་ཕེབས་ནས་ཨ་རིའི་རྒྱལ་དོན་སྲུང་དམག་མཐུན་ཚོགས་ཀྱི་ཚོགས་མི་ཚོར་གཏམ་བཤད་གནང་འདུག་པ་དང་། ཁོང་གི་ཕྱག་སྦྲེལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཇེ་ཌི་ ཝེནྶ་གཟའ་མིག་དམར་ཉིན་མངའ་སྡེ་དེའི་གྲོང་ཁྱེར་སྦིཀ ར་པིཀཛེ་ནང་ཕེབས་ནས་མང་ཚོགས་འདུ་འཛོམས་ལ་གཏམ་བཤད་གནང་རྒྱུ་ཡིན་པ་རེད། སྲིད་འཛིན་ཟུར་པ་ཊམ་གྱིས་གཟའ་ཕུར་བུའི་ཉིན་མངའ་སྡེ་དེར་ཕྱིར་ལོག་གནང་ནས་ས་གནས་པོ་ཌར་ཝིལ་ནང་བརྟེན་གཞི་བྱས་པའི་དྭངས་ལྕགས་བཟོ་གྲ་ཞིག་ཏུ་ཨ་རིའི་དཔལ་འབྱོར་དང་དངོས་ཟོག་གི་རིན་གོང་འཕར་བཞིན་པ། བཟོ་གྲའི་ལས་དོན་བཅས་པའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་རེད། དེ་རྗེས་ཝི་སི་ཀོན་སན་མངའ་སྡེར་ཕེབས་རྒྱུ་དང་དེ་ནས་གཟའ་པ་སངས་ཉིན་པེན་སིལ་ཝི་ནི་ཡ་མངའ་སྡེའི་ཤར་ཕྱོགས་གྲོང་ཁྱེར་ཇོནྶ་ ཀྲའོན་ལ་ཕེབས་ཏེ་རང་དབང་ཆེད་ཀྱི་སྐྱེས་མ་ཞེས་རྙིང་ཞེན་ཚོགས་པར་གཏམ་བཤད་གནང་སྟེ་རང་ཕྱོགས་ལ་བློ་འགུག་ཐབས་གནང་རྒྱུ་ཡིན་པ་རེད།

མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ ཧེ་རེས་དང་ཁོང་གི་ཕྱག་སྦྲེལ་སྲིད་འཛིན་གཞོན་པའི་འོས་མི་ཀྲིམ་ཝོལྶ་གཉིས་ཀྱིས་རེས་གཟའ་ལྷག་པ་ནས་སྤྱི་སྤྱོད་རླང་འཁོར་ནང་ཞུགས་ཏེ་ལྷོ་ཕྱོགས་མངའ་སྡེ་ཇོར་ཇི་ཡའི་གྲོང་ཁྱེར་འགའ་ཤས་ལ་ཕེབས་རྗེས་པའི་མཐའ་མ་གནད་ཡོད་གྲོང་ཁྱེར་སཱ་ཝ་ན་ནང་མང་ཚོགས་འདུ་འཛོམས་ཤིག་ལ་གཏམ་བཤད་གནང་རྒྱུ་ཡིན་པ་རེད། གྲོང་ཁྱེར་དེའི་ནང་ཕྱི་ལོ་༢༠༢༠འི་ལོར་སྐུ་ཞབས་ཊམ་ལས་སྐུ་ཞབས་བྷ་ཌན་ལ་འོས་ཤོག་ཕྲན་བུའི་མང་བ་ཐོབ་ནས་རྒྱལ་ཁ་ཐོབ་ཡོད་པ་དེ་ནི་ཕྱི་ལོ་༡༩༩༢ནས་བཟུང་མངའ་སྡེ་དེ་ནས་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པ་དང་པོ་ཆགས་ཡོད།

ད་ལྟའི་ཆར་སྲིད་འཛིན་འོས་མི་གཉིས་ནས་སུ་ལ་རྒྱལ་ཁ་ཐོབ་རེ་ཡོད་མེད་ཐད་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་པ་ལྟར་ན། སྐུ་ཞབས་ཊམ་ལས་ལྕམ་ཧེ་རེསེ་ལ་བརྒྱ་ཆའི་ཆ་ཤས་གཉིས་གསུམ་མང་བ་ཐོབ་ཀྱི་ཡོད་པ་མཛུབ་འདོན་བྱེད་ཀྱི་ཡོད། འོན་ཀྱང་མི་མང་བསམ་ཚུལ་དེ་མང་གཙོ་ཚོགས་པའི་རྒྱལ་ཡོངས་འཐུས་མི་ལྷན་འཛོམས་བྱས་ཟིནཙམ་གྱིས་ཡིན་སྲིད་པར་ངོས་འཛིན་བྱེད་ཀྱི་འདུག དེར་བརྟེན་གཟའ་འཁོར་འདིའི་ནང་འོས་མི་གཉིས་ཀས་འོས་བསྡུར་ཧ་ཅང་ཁྱད་པར་བཟོ་གཞིའི་མངའ་སྡེ་ཁག་གི་ནང་ཆེད་བསྐྱོད་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ཚ་ཚ་འུར་འུར་ངང་གནང་བ་དེས་ཏན་ཏན་མི་མང་གི་བློ་རང་ཕྱོགས་སུ་འགུག་རྒྱུར་ཕན་ཐོགས་བྱེད་ངེས་རེད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG