ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༡/༢༢

རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་འོས་བསྡུའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་རེད་ཟེར།


ཨ་རིའི་སྲིད་དོན་ཚོགས་པ་གསུམ་པའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ནི་ཌི་ཆུང་བ།
ཨ་རིའི་སྲིད་དོན་ཚོགས་པ་གསུམ་པའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ནི་ཌི་ཆུང་བ།

༄༅།། ཨ་རིའི་སྲིད་དོན་ཚོགས་པ་གསུམ་པའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ནི་ཌི་ཆུང་བར་དྲིལ་བསྒྲགས་ལས་འགུལ་གྱི་འགྲོ་གྲོན་མེད་པར་གཟའ་མཇུག་ཡས་མས་སུ་འོས་བསྡུའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད། ཕྱི་ཟླ་༨་པའི་ཚེས་༢༢་ཉིན་ཨ་རིའི་ཨེ་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་སྲིད་འཛིན་འོས་བསྡུའི་འགྲན་སྡུར་ཁོངས་ནས་ཕྱིར་འཐེན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་འདུག་ཅེས་གསར་འགྱུར་ཐོན། ཨེ་བི་སི་གསར་ཁང་གིས་དོ་བདག་ལ་ཐད་ཀར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ནམ་ཞེས་དྲིས་པར་ངས་ཡིན་དང་མིན་གྱི་ངེས་གཏན་གང་ཡང་བྱ་རྒྱུ་མིན། ང་ཚོས་དེའི་སྐོར་ཅི་ཡང་གྲོས་སྡུར་བྱེད་ཀྱི་མེད་ཅེས་ལན་བཏབ།།

ཨ་མི་རི་ཀར་སྲིད་དོན་ཚོགས་པ་མང་དག་ཅིག་ཡོད་ཀྱང་གཙོ་བོ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་དབང་བསྒྱུར་བྱས་ཏེ་སྲིད་དོན་ཚོགས་པ་གསུམ་པའམ། ཡང་ན་སྲིད་དོན་ཚོགས་པ་ཆུང་ཁག་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི། མངའ་སྡེའི་སྤྱི་ཁྱབ་དང་ས་གནས་ཁག་གི་འགོ་ཁྲིད་སོགས་བདམས་པའི་སྐབས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུ་ཤིན་ཏུ་དཀའ། ཨ་མི་རི་ཀའི་རྒྱལ་ཁབ་འདི་དབུ་བརྙེས་ནས་བཟུང་སྟེ་སྲིད་དོན་ཚོགས་པ་གསུམ་པ་ཞིག་ལ་འོས་བསྡུའི་རྒྱལ་ཁབ་ཐོབ་མྱོང་མེད་ཅིང་། ༡༩༡༢་ལོར་སྲིད་འཛིན་ཟུར་པ་ཊི་ཌོར་རུ་སུ་ཝེལ་ཊི་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་ལངས། ཁོ་པར་འོས་ཤོག་བརྒྱ་ཆ་༢༧་དང་མངའ་སྡེ་༦་ཐོབ་པའི་རྗེས་སུ་སྲིད་དོན་ཚོགས་པ་གསུམ་པ་ཞིག་གི་འོས་མིར་འོས་ཤོག་དེ་འདྲ་ཞིག་གཏན་ནས་ཐོབ་མ་མྱོང་།།

USA-ELECTION/DEBATE-RFK JR
རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་འོས་བསྡུའི་དྲིལ་སྒྲོག

གཟའ་ཕུར་བུའི་དགོང་མོ་ནས་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་ཉིན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཨ་རི་ཛོ་ན་མངའ་སྡེའི་ཧྥི་ཎིཀ་སི་གྲོང་ཁྱེར་དུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བའི་སྐབས་དེར་རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་འདུ་འཛོམས་དེར་ཞུགས། ཁོ་པ་སྲིད་འཛིན་འོས་བསྡུའི་འགྲན་སྡུར་ཁོངས་ནས་ཕྱིར་འཐེན་དང་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་སྲིད། ཡིན་ནའང་ད་དུང་མཐའ་མའི་ཐག་གཅོད་ཅི་ཡང་བྱས་མི་འདུག་ཅེས་གསར་འགྱུར་སྤེལ། ཁེ་ནི་ཌིའི་མགྲིན་ཚབ་པ་ཞིག་གིས་རོ་བྷར་ཊི་ཁེ་ནི་ཌི་ཆུང་བས་གཟའ་པ་སངས་ཉིན་རྒྱལ་ཡོངས་ལ་གཏམ་བཤད་བྱ་འཆར་ཡོད་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ།།

ཕྱི་ཟླ་༨་པའི་ཚེས་༢༢་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རོ་བྷར་ཌི་ཁེ་ནི་ཌི་ཆུང་བ་སྲིད་འཛིན་འོས་བསྡུའི་འགྲན་སྡུར་ཁོངས་ནས་ཕྱིར་འཐེན་བྱས་ན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཕན་ཐོགས་འབྱུང་ཤས་ཆེ། སྤྱི་མཐུན་ཚོགས་པའི་ཁོངས་སུ་དམངས་གཙོ་ཚོགས་པར་འོས་ཤོག་འཕེན་འདོད་མེད་པ་དང་ཌོ་ནལ་ཊམ་ལའང་འོས་ཤོག་འཕེན་འདོད་མེད་པ་ཇི་སྙེད་ཅིག་མཆིས། ཁོ་ཚོས་རོ་བྷར་ཊི་ཁེ་ནི་ཌི་ཆུང་བར་འོས་ཤོག་འཕེན་གྱི་འདུག གལ་སྲིད་ཁོ་པ་འོས་བསྡུའི་ཁོངས་ནས་ཕྱིར་འཐེན་བྱས་ན་འོས་ཤོག་དེ་རྣམས་ཌོ་ནལ་ཊམ་ལ་མ་འཕངས་ཐབས་མེད་དུ་འགྱུར་ས་རེད། ཨ་རིའི་འོས་བསྡུའི་བསམ་ཚུལ་བསྡུ་ལེན་ཞིབ་འཇུག་ཁང་ཁག་གིས་རོ་བྷར་ཊི་ཁེ་ནི་ཌི་ཆུང་བར་མི་མང་རྒྱབ་སྐྱོར་བ་བརྒྱ་ཆ་༤་ནས་༩་ཙམ་འདུག་ཅེས་སྙན་ཐོ་བཏོན།།

ད་ལྟ་ཨ་རིའི་རྒྱལ་ཡོངས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ཧེ་རི་སི་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གཉིས་ལ་མི་མང་རྒྱབ་སྐྱོར་བ་མང་ཉུང་བརྒྱ་ཆ་༩་ནས་༥་ཡས་མས་རེའི་ཁྱད་པར་ལས་མེད། ཅི་སྟེ་རོ་བྷར་ཊི་ཁེ་ནི་ཌི་ཆུང་བའི་འོས་ཤོག་དེ་རྣམས་ཌོ་ནལ་ཊམ་ལ་ཐོབ་ན་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་སི་དང་སྲིད་འཛིན་ཟུར་པ་ཊམ་གཉིས་ལ་མི་མང་རྒྱབ་སྐྱོར་བ་མང་ཉུང་གི་ཁྱད་པར་ཡོད་པ་སྙོམས་ཐུབ་རྒྱུའི་རྣམ་པ་ཞིག་མངོན། ཉམས་ཞིབ་པ་ཚོས་མི་མང་འོས་འཕེན་པ་ཚོར་སྐད་ཆ་དྲིས། མི་མང་རྒྱབ་སྐྱོར་བ་མང་ཉུང་ལ་གཞིགས་ནས་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་བསྡུའི་སྐབས་སུ་རྒྱལ་ཁ་ཐོབ་རྒྱུ་ཡིན་མིན་ཚོད་དཔག་བྱེད་ཀྱི་ཡོད་རུང་མཐའ་གཅིག་ཏུ་དོན་དངོས་སུ་མི་འགྱུར། ༢༠༡༦་ལོར་ཧི་ལ་རི་ཁེ་ལིན་ཊོན་ལ་མི་མང་རྒྱབ་སྐྱོར་བ་མང་བ་ཡོད་ཀྱང་མཐའ་མའི་འོས་བསྡུའི་རྒྱལ་ཁ་ཌོ་ནལ་ཊམ་ལ་ཐོབ་སྟེ་ཉམས་ཞིབ་པ་རྣམས་ཧོན་ལོག་དགོས་པ་ཞིག་ཏུ་གྱུར།།

རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་ནི་༡༩༥༤་ལོའི་ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་རྒྱལ་ས་ཝ་ཤིང་ཊོན་དུ་སྐྱེས། ཁོང་གི་ཨ་ཁུ་ནི་ཨ་རིའི་སྲིད་འཛིན་༣༥་པ་ཇཱོན་ཨེབ་ཁེ་ནི་ཌི་ཡིན་པ་དང་༡༩༦༣་ལོར་བཀྲོངས། ཨ་ཕ་ནི་སྐབས་དེའི་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་རོ་བྷར་ཊི་ཁེ་ནི་ཌི་ཡིན་ཞིང་། ༡༩༦༨་ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་མི་ཞིག་གིས་མེ་མདའ་བརྒྱབ་ནས་བཀྲོངས། འདས་པའི་ལོ་མང་རིང་རོ་བྷར་ཊི་ཁེ་ནི་ཌི་ཆུང་བས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་བདག་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་གྱི་སྲི་ཞུ་བསྒྲུབས། ད་ལོ་སྲིད་ཚོགས་པ་གསུམ་པ་ཞིག་གི་སྲིད་འཛིན་འོས་མིར་ལངས། ཁེ་ནི་ཌི་ཁྱིམ་ཚང་དེ་དམངས་གཙོ་ཚོགས་པའི་ཚོགས་མི་ཡིན་པ་དང་བཟའ་མི་ཚོ་རོ་བྷར་ཊི་ཁེ་ནི་ཌི་ཆུང་བར་རྒྱབ་སྐྱོར་བྱ་རྒྱུར་མ་འཐད། ཁོ་པས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཚེ། ཁེ་ནི་ཌི་ཁྱིམ་ཚང་གི་བཟའ་མི་ཚོས་དེ་བས་ཀྱང་རྒྱབ་སྐྱོར་བྱེད་མི་སྲིད་པ་ཞིག་ཏུ་འགྱུར་རྒྱུའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG