ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨ་རི་དང་རྒྱ་ནག ཐེ་ཝན་བཅས་ཀྱི་དམར་ཐིག་ལ་ངོས་འཛིན་བྱེད་སྟངས།


ཇེ་ཁེ་སུའུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི།
ཇེ་ཁེ་སུའུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི།

བདུན་ཕྲག་འདིར་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ཕྱག་རོགས་ཀྱི་མིང་ཐོག་ནས་པེ་ཅིང་དུ་འཚམས་འདྲིར་ཕེབས་ཡོད་པའི་སྐུ་ཞབས་ཇེ་ཁེ་སུའུ་ལི་ཝེན་Jake Sullivan གྱིས། རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི་དང་ཉིན་གཉིས་རིང་ལ་ཐུག་འཕྲད་གྲོས་མོལ་གནང་རྗེས། རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡོ་ཤག་དང་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ནས་ཐེ་ཝན་གནད་དོན་དང་འབྲེལ་ནས་སོ་སོའི་ལངས་ཕྱོགས་བསྐྱར་དུ་ནན་བརྗོད་གནང་འདུག

ཕྱོགས་གསུམ་པོས་དམར་ཐིག་ལ་ངོས་འཛིན་བྱེད་སྟངས།

ཨ་རྒྱ་གཉིས་ནས་ཐེ་ཝན་གྱི་གནད་དོན་སྐོར་ལ་སོ་སོའི་ལངས་ཕྱོགས་བསྐྱར་དུ་གསལ་སྟོན་བྱས་ཡོད་པ་དང་། རྒྱ་ནག་གིས་ཐེ་ཝན་རང་བཙན་གྱི་དམར་ཐིག་སྐོར་ལ་ནན་བརྗོད་བྱས་འདུག ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གིས་ཉེ་བའི་ལོ་ཤས་རིང་ཐེ་ཝན་ལ་སྲིད་འབྱོར་རིག་གསུམ་གྱི་སྟེང་ནས་གནོན་ཤུགས་ཅི་རིགས་ཤིག་སྤྲད་དང་སྤྲོད་བཞིན་པར་བློ་འཚབ་བསྟན་ཡོད་ཅིང་། ཨ་རིའི་དམར་ཐིག་ནི་དྲག་པོའི་ཟིང་འཁྲུག་མི་ལངས་རྒྱུ་དེ་ཡིན་པ་རེད། དེ་བཞིན་ཐེ་ཝན་གྱི་ཕྱོགས་ནས་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་སྐམ་མཚོ་གཉིས་ཆ་ནས་བཙན་འཛུལ་བྱས་པ་ཡིན་ན་དེར་ཕར་རྒོལ་ནན་མོ་བྱ་རྒྱུ་ནི་དམར་ཐིག་ཡིན་ཞིང་། གལ་སྲིད་དེ་ལྟར་བྱུང་ན་ཨ་རི་ཡང་ཟིང་འཁྲུག་དེའི་ནང་རང་བཞིན་གྱི་ཚུད་སྲིད་པ་ཡིན་པའི་རྐྱེན་གྱིས། དེ་ནི་ཨ་རི་ལ་མཚོན་ན་དམར་ཐིག་ཅིག་ཆགས་ཡོད་པ་རེད།

སུའུ་ལི་ཝེན་གྱིས་ཨ་རིས་ཐེ་ཝེན་མཚོ་ཁུག་གི་ཞི་བདེ་བརྟན་བརླིང་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་གསུངས་ཡོད་ཅིང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་གྱི་གནད་དོན་དེ་ནི་ཨ་རྒྱ་གཉིས་བར་གྱི་དམར་ཐིག་དང་པོ་དེ་ཡིན་ཞིང་། ཐེ་ཝན་རང་བཙན་དང་ཐེ་ཝན་མཚོ་ཁུག་གི་ཞི་བདེ་གཉིས་ནི་ཆུ་དང་མེ་ནང་བཞིན་ལྷན་གཅིག་མི་གནས་འགལ་ཡིན་པས། ཨ་རིས་ཐེ་ཝན་ལ་གོ་མཚོན་མཁོ་སྤྲོད་མཚམས་འཇོག་བྱ་དགོས་པའི་རེ་སྐུལ་བྱས་འདུག

ཇེ་ཁེ་སུའུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི་སོགས་ལྷན་བཞུགས།
ཇེ་ཁེ་སུའུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི་སོགས་ལྷན་བཞུགས།

སུའུ་ལི་ཝེན་པེ་ཅིན་ནས་ཨ་རིར་ཕྱིར་མ་ལོག་གོང་ཙམ་ལ། གསར་འགོད་པས་ཁོང་ལ་བྷ་ཌན་འཛིན་སྐྱོང་གི་ཐེ་ཝན་ལ་གོ་མཚོན་ཐེངས་༡༥ མཁོ་སྤྲོད་བྱེད་པའི་གསལ་བསྒྲགས་བྱས་པ་དང་། དེ་སྔོན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་སྐབས་ལ་ཐེ་ཝན་ལ་གོ་མཚོན་ཐེངས་༡༡ བཙོང་ཡོད་པ་ལས་མང་བ་ཆགས་ཡོད་པའི་རྐྱེན་གྱིས། ཨ་རིས་ཐེ་ཝན་ལ་གོ་མཚོན་རྒྱུན་ཆད་མེད་པར་མཁོ་སྤྲོད་བྱས་དང་བྱེད་མུས་ཡིན་པ་དེས་ཐེ་ཝན་མཚོ་ཁུག་གི་གནས་སྟངས་ཛ་དྲག་ཆགས་བཅུག་ཡོད་སྲིད་པའི་ཐད་ལ་ལན་འདེབས་གནང་གསལ་དུ། ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་ལ་འགྱུར་བ་ཕྱིན་མེད་པ་དང་། རྩ་དོན་དེ་ཨ་རིའི་སྲིད་དོན་ཚོགས་པ་དང་འཛིན་སྐྱོང་ཚང་མས་མི་ལོ་བཅུ་གྲངས་འགའ་ཤས་རིང་ལ་རྒྱུན་འཁྱོངས་བྱས་ནས་ཡོང་བའི་ལངས་ཕྱོགས་ལ་འགྱུར་ལྡོག་གཏང་གི་མ་རེད། ལངས་ཕྱོགས་དེས་ཐེ་ཝན་མཚོ་ཁུག་གི་ཞི་བདེ་བརྟན་བརླིང་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད་ཅེས་གསལ་སྟོན་གནང་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལ། སུའུ་ལི་ཝེན་དང་རྒྱ་ནག་གི་དཔོན་རིགས་རྣམས་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དེ་ཕྱོགས་གཉིས་བར་ལ་གོ་འཛོལ་ལྡོག་ཐབས་བྱས་ཏེ་ས་ཁུལ་ཞི་བདེ་ལ་ཁག་ཐེག་བྱ་ཐུབ་སྲིད་ཀྱང་། གྲོས་མོལ་རིགས་དེ་དག་གིས་རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་བཞིན་པའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་ཐུབ་མི་སྲིད་པས་ན། ད་ལན་གྱི་གྲོས་མོལ་དེ་ཡང་ཨ་རྒྱ་ཕྱོགས་གཉིས་ཀྱིས་སོ་སོའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་ཙམ་ལས་གྲོས་མོལ་གྱི་ངོ་བོ་ཞིག་ཆགས་ཐུབ་མེད་པ་རེད།

ཞི་ཅིན་ཕིང་དང་བྷ་ཌཎ་གཉིས་ཞལ་པར་གྲོས་མོལ་ལ་གྲ་སྒྲིག

ཕོ་བྲང་དཀར་པོས་སྤེལ་བའི་གསལ་བསྒྲགས་ལྟར་ན། ད་ལན་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་དེ་གལ་ཆེན་པོ་མཐོང་ཡོད་པ་དང་རིང་མིན་བདུན་ཕྲག་འགའ་ཤས་རིང་ལ་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་བར་དང་། དེ་བཞིན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དཔོན་བཀོད་འདོམས་པ་ཕན་ཚུན་བར་ཞལ་པར་གྱི་ལམ་ནས་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་བྱ་འཆར་ཡོད་ཅིང་། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་ཨུ་ཡུག་དམག་འཁྲུག་སོགས་གནད་དོན་གང་མང་ཞིག་གི་ཐོག་ལ་གྲོས་བསྡུར་བྱས་ཡོད་པ་རེད། འོན་ཏེ་གསལ་བསྒྲགས་དེའི་ནང་ཐེ་ཝན་ཞེས་པའི་ཐ་སྙད་དེ་གཏན་ནས་བཀོད་མེད་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་ལས། ཞི་ཅིན་ཕིང་གིས་ཨ་རྒྱའི་འབྲེལ་ལམ་བརྟན་པོ་ཡོང་རྒྱུའི་འདོད་མོས་ཡོད་ཚུལ་དང་། སུའུ་ལི་ཝེན་གྱིས་གྲང་དམག་གསར་པ་ཞིག་ལངས་འཇུག་འདོད་མེད་ཅིང་རྒྱ་ནག་གི་ལམ་སྲོལ་ལ་འགྱུར་བ་གཏང་འདོད་དང་མཐུན་གྲོགས་ཚོ་དང་ནུས་པ་གཅིག་ཏུ་སྤུངས་ནས་རྒྱ་ནག་ལ་འགོག་རྒོལ་བྱ་འདོད་མེད་པ་དང་། དེ་བཞིན་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་དང་གདོང་ཐུག་བྱུང་འདོད་མེད་པ། ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་ལ་འགྱུར་བ་ཕྱིན་མེད་པ་དང་ཐེ་ཝན་དེ་རྒྱ་ནག་གི་མགོ་བོར་རྡུང་བྱེད་ཀྱི་ལག་ཆར་བཀོད་སྤྱོད་བྱ་འདོད་མེད་ཚུལ་སོགས་བཀོད་འདུག

ཐེ་ཝན་ནི་ཨ་རྒྱ་གཉིས་ཀྱི་དམར་ཐིག་ཨང་དང་པོ་དེ་ཆགས་འདུག

རྒྱ་ནག་གི་རྒྱལ་སྲུང་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡོ་ཤག་གིས་ཐེ་ཝན་གནད་དོན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་བའི་ཁེ་ཕན་དང་། ཨ་རྒྱའི་འབྲེལ་ལམ་ནང་གི་དམར་ཐིག་ཨང་དང་པོ་དེ་ཡིན་པ་མ་ཟད། ཐེ་ཝན་རང་བཙན་དང་ཐེ་ཝན་ཞི་བདེ་བརྟན་བརླིང་གཉིས་ནི་ཆུ་དང་མེ་ནང་བཞིན་ཆགས་ཡོད་པས། ཨ་རིས་ད་ནས་བཟུང་སྟེ་ཐེ་ཝན་ལ་ངན་འབྲེལ་བྱས་ནས་གོ་མཚོན་མཁོ་སྤྲོད་བྱ་རྒྱུ་དང་ཐེ་ཝན་དང་འབྲེལ་བའི་ཆ་འཕྲིན་རྫུན་མ་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ཉེན་བརྡ་བཏང་འདུག

ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་རེས་གཟའ་ཕུར་བུའི་ཉིན་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གིས་ད་ལན་ཨ་རྒྱ་གཉིས་ཀྱི་གྲོས་མོལ་རྗེས་ལ་ཐེ་ཝན་དང་འབྲེལ་བའི་གཏམ་སྦྱོར་ཁུངས་ལུང་མེད་པ་ཤ་ཏག་སྤེལ་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་པ་མ་ཟད། རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ནི་གཅིག་གཅིག་གི་མངའ་འོག་ཁོངས་གཏོགས་མིན་པ་དང་རྒྱ་ནག་གིས་མུ་མཐུད་ནས་ཐེ་ཝན་ལ་བཙན་ཤེད་དང་སྡིགས་སྐུལ་བྱེད་བཞིན་ཡོད་པ་དང་། དམག་དོན་རྒྱ་བསྐྱེད་གཏོང་རྒྱུའི་འདོད་ཧམ་ཇེ་ཆེར་འགྲོ་བཞིན་ཡོད་པ་དེ་ནི་ད་གཟོད་ས་ཁུལ་དེའི་ཞི་བདེ་བརྟན་བརླིང་ལ་འཕྲད་པའི་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་བརྗོད་འདུག

གླེང་སྟེགས།

XS
SM
MD
LG