ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་ཞིས་ཅིན་ཕིང་གི་གྲོས་མོལ།


ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་

༄༅།། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱུང་། ཕྱི་ཟླ་༨་པའི་ཚེས་༢༩་ཉིན་རེ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་འོས་བསྡུ་མ་བྱས་སྔོན་འདིར་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན་རྒྱ་ནག་ལ་ཕེབས་ནས་ཉིན་གསུམ་ལ་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པའི་ཛ་དྲག་ཆུང་དུ་གཏོང་ཐབས་དང་། སྲིད་འཛིན་བྷ་ཌན་འཕོ་འགྱུར་མ་ཕྱིན་གོང་དུ་ཞིས་ཅིན་ཕིང་ལ་སླར་ཡང་ཐེངས་གཅིག་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཅིང་། ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཇཱེཀ་སུ་ལི་ཝན་ལ་ཐུག་འཕྲད་བྱས་པའི་སྐབས་སུ་འགྱུར་ལྡོག་དང་ཟིང་ཆ་ཆེ་བའི་འཛམ་གླིང་འདིར་རྒྱལ་ཁབ་ཁག་མཉམ་འབྲེལ་དམ་ཟབ་དང་གཅིག་སྒྲིལ་བྱ་དགོས་པ་མ་གཏོགས་ལོགས་དགར་རམ། ཡང་ན་ཕྱིར་ཤིག་རྒྱག་མི་ཉན་ཞེས་ནན་གྱིས་བརྗོད།།

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན་གྱིས་སྲིད་འཛིན་བྷ་ཌན་གྱིས་ཨ་རྒྱའི་འབྲེལ་བ་རྒྱུན་འཁྱོངས་དང་འཁྲུག་རྩོད་གཡོལ་ཐབས་ཀྱི་ཆོད་སེམས་བརྟན་པོ་བཙུགས་ཡོད་པར་འགྱུར་བ་མེད། མ་འོངས་པའི་བདུན་ཕྲག་འགའ་ཞིག་གི་ནང་དུ་སྲིད་འཛིན་རྣམ་གཉིས་མཇལ་མོལ་ཡོང་ཐུབ་པའི་རེ་བ་ཡོད་ཅེས་ལན་བཏབ། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གྲོས་མོལ་ཁོངས་སུ་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ། ར་ཤི་ཡ་དང་ཡུཀ་རེན་གྱི་དམག་འཁྲུག རྒྱ་ནག་ནས་ཨ་མི་རི་ཀར་བཟི་སྨན་ཧྥན་ཊ་ནེལ་(Fentanyl)་གཏོང་གི་ཡོད་པ་འགོག་དགོས་པ་སོགས་ཀྱི་རྩ་དོན་ཁག་འདུས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཨ་རིའི་སྤྱི་ཚོགས་སུ་མི་ཁྲི་ཚོ་མང་པོ་ཧྥན་ཊ་ནེལ་བཟི་སྨན་ལ་ངན་ལོབས་ཤོར་ནས་བཟི་སྨན་དེ་ཚད་ལས་བརྒལ་བ་ཟ་མཁན་ཚོར་འཆི་སྐྱོན་ཕོག

ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་
ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་(Wang Yi)་དང་གཟའ་ལྷག་པའི་ཉིན་དབུས་དམག་དོན་གཙོ་འཛིན་གཞོན་པ་ཀྲང་ཡུག་ཞ་(Zhang Youxia)་ལ་ཐུག་འཕྲད་བྱས་ཡོད་པ་སྟེ། ཇཱེཀ་སུ་ལི་ཝན་གྱིས་ཀྲང་ཡུག་ཞ་ལ་ང་ཚོ་ཕྱོགས་གཉིས་ཀར་འགྲན་སྡུར་དེ་འཁྲུག་རྩོད་ཅིག་ལ་འགྱུར་དུ་འཇུག་མི་ཉན་པའི་ལས་འགན་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟངས་དང་ཕྱོགས་གཉིས་ཀར་ཨ་རྒྱའི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་འགན་འཁྲི་ཡོད་པའི་ཆ་ནས་གྲོས་མོལ་འདི་གལ་འགངས་ཆེན་པོ་རེད་ཅེས་བཤད། ཀྲང་ཡུག་ཞ་ནི་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་ལ་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཡིན་པས་ཨ་རྒྱའི་དམག་དོན་མི་སྣའི་འབྲེལ་མོལ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་། ཨ་རི་དང་རྒྱ་ནག་གི་ས་གནས་བྱེ་བྲག་པའི་དམག་དཔུང་བཀོད་འདོམས་པ་རིམ་པས་ཁ་པར་བརྒྱུད་ནས་མྱུར་དུ་སྐད་ཆ་བཤད་དགོས་པའི་གྲོས་མོལ་ལ་གྲུབ་འབྲས་གང་འཚམ་ཐོན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༢༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཀྲང་ཡུག་ཞ་ཡིས་ཨ་རིའི་རྒྱལ་སྲུང་སློབ་སྟོན་པར་ཐེ་ཝན་དང་སྐམ་ས་ཆེན་མོ་གཉིས་གཅིག་གྱུར་བྱ་དགོས། འདི་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམིགས་ཡུལ་དང་ལས་འགན་ཡིན། ཁྱེད་རང་གིས་ང་ལ་ཐུག་འཕྲད་བྱ་དགོས་ཟེར་བ་དེས་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཅིག་ཏུ་བརྩིས་པ་ཤེས་ཀྱི་ཡོད། ང་ཚོར་གྲོས་མོལ་ལྷུག་པོ་བྱེད་ཐུབ་པའི་གོ་སྐབས་འདི་འདྲ་འཐོབ་རྒྱུ་དཀོན་པོ་རེད་ཟེར། ཨ་མི་རི་ཀས་ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་བཙོང་དགོས་ཤིང་། རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་མ་ཐུབ་ན་ཐེ་ཝན་ལ་དམག་བརྒྱབ་ནས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བསྒྲགས།།

༢༠༢༢་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་གིས་ཨ་མི་རི་ཀར་དམག་གི་འབྲེལ་བ་བཅད། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་སན་ཧྥ་རན་སེ་སི་གྲོང་ཁྱེར་དུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་རིམ་གྱིས་སླར་གསོ་བྱུང་། ནེའུ་ཡོཀ་གྲོང་ཁྱེར་གྱི་ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གཙོ་འཛིན་གཞོན་པ་ཌན་ནི་ར་སལ་(Danny Russel)་གྱིས་བཤད་པ་ལྟར་ན། ཨ་རིའི་ཧ་ཝ་ཡི་མངའ་སྡེར་ཡོད་པའི་ཨིན་དྷོ་ཞི་བདེ་རྒྱ་མཚོའི་དམག་དཔུང་བཀོད་འདོམས་པ་དམག་སྤྱི་སེ་མུལ་པ་པཱ་རོ་དང་གནས་མཉམ་གྱི་རྒྱ་ནག་གི་དམག་དཔོན་ཞིག་གིས་ཁ་པར་བཏང་ནས་ཕན་ཚུན་འབྲེལ་མོལ་བྱ་འཆར་འདུག བཀོད་འདོམས་པ་རིམ་པའི་འབྲེལ་མོལ་དེ་གནད་འགག་ཆེན་པོ་ཡིན་རུང་འབྲེལ་བ་ཡག་པོ་ཞིག་ཡོང་གི་མི་འདུག་ཅེས་བསྟན།།

ཕྱི་ཟླ་༨་པའི་ཚེས་༢༧་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཨ་རིའི་འགལ་བ་ཆེན་པོ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་རྩོད་གླེང་ལ་ཐུག རྒྱ་ནག་གིས་ཧྥི་ལི་ཕིན་གྱི་མངའ་ཁོངས་སུ་གཏོགས་པའི་གླིང་ཕྲན་ཁག་གི་མཚོ་ལམ་འགོག་གི་ཡོད་པར་མ་ཟད། ཧྥི་ལི་ཕིན་ནས་དབྱིན་ལེ་༨༦་དང་རྒྱ་ནག་ནས་དབྱིན་ལེ་༧༤༥་ཡི་མཚམས་སུ་ཆགས་པའི་ས་བི་ན་སྲབ་མཚོའི་བདག་དབང་བརྩད། རྒྱ་ནག་དང་ཧྥི་ལི་ཕིན་གྱིས་འཁྲུག་རྩོད་ཆུང་དུ་གཏོང་རྒྱུའི་གྲོས་མཐུན་བཞག་ནས་ཉིན་ཤས་རྗེས་སུ་མཚོ་བྲག་ཅིག་གི་བདག་དབང་བརྩད་ནས་བསྐྱར་དུ་ཟིང་ཆ་ལངས། ཨ་རི་དང་ཧྥི་ལི་ཕིན་གཉིས་ཀྱིས་རྒྱལ་སྲུང་ཆིངས་ཡིག་བཞག་ཡོད་པས་རྒྱ་ནག་གིས་དམག་བརྒྱབ་ན་ཨ་མི་རི་ཀས་ཆིངས་ཡིག་གི་འབྲུ་དོན་ལྟར་ཧྥི་ལི་ཕིན་ལ་རྒྱབ་སྐྱོར་མི་བྱེད་ཐབས་མེད་དུ་གྱུར།།

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༡༩་ཉིན་རྒྱ་ནག་གི་མཚོ་སྲུང་ཉེན་རྟོག་པ་དང་ཧྥི་ལི་ཕིན་གྱི་མཚོ་སྲུང་ཉེན་རྟོག་པ་རྣམས་ས་བི་ན་སྲབ་མཚོའི་འཁྲིས་སུ་གདོང་ཐུག་བྱུང་། ཧྥི་ལི་ཕིན་གྱི་འབྲེལ་ཡོད་ལས་སྣེ་ཚོས་རང་གི་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་ཤིག་ལ་རྒྱ་ནག་གི་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་ཤིག་གིས་རྡུང་ཁ་བརྒྱབ་སྟེ་གཏོར་སྐྱོན་ཆེན་པོ་ཕོག་སོང་ཞེས་སྐྱོན་བཙུགས། དེའི་རྗེས་སུ་རྒྱ་ནག་གི་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་ཤིག་ནས་ཧྥི་ལི་ཕིན་གྱི་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་ཤིག་ལ་ཆུ་མདའ་བརྒྱབ། རྒྱ་ནག་གི་ཉ་པའི་གྲུ་གཟིངས་དང་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་རྣམས་རྟག་ཏུ་ཧྥི་ལི་ཕིན་གྱི་མཚོ་ཁོངས་སུ་འཛུལ། ཐེངས་གཅིག་རྒྱ་ནག་གི་ཉ་པ་དང་མཚོ་སྲུང་ཉེན་རྟོག་པ། རྒྱ་ནག་གི་མཚོ་དམག་གི་གྲུ་གཟིངས་བཅས་ཁྱོན་བསྡོམས་གྲུ་གཟིངས་༤༠་ཡོང་ནས་ཧྥི་ལི་ཕིན་ལ་དཔུང་སྟོབས་ངོམ།།

སིངྒ་པུར་གྱི་ར་ཇ་ར་ཏ་ནམ་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་ཉམས་ཞིབ་པ་ཀོ་ལིན་ཀཱོས་(Collin Koh)་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་ཡོད་པའི་ཐོ་མ་སི་གཉིས་པ་ཞེས་པའི་སྲབ་མཚོ་དང་སི་ཀར་བྷ་ར་སྲབ་མཚོ་གཉིས་ཀྱི་འཕྲོ་ནས་ས་བི་ན་སྲབ་མཚོ་འཁྲུག་རྩོད་ལང་ས་ཞིག་ཏུ་འགྱུར་གྱི་འདུག ༢༠༡༢་ལོར་རྒྱ་ནག་གིས་སི་ཀར་བྷ་ར་སྲབ་མཚོ་ཕྲོགས་ཏེ་གཏན་འཇགས་རྟེན་གཞི་ཚུགས། ཧྥི་ལི་ཕིན་གྱིས་ས་བི་ན་སྲབ་མཚོ་ཡང་རྒྱ་ནག་གིས་ཕྲོགས་ཏེ་འཆོར་རྒྱུ་རེད་བསམས་ནས་སྐྲག་གི་འདུག་ཅེས་བཀྲལ། ཧྥི་ལི་ཕིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་གྲུ་གཟིངས་ཆེན་པོ་འགའ་ཞིག་སྲབ་མཚོའི་ནང་དུ་བཞག་སྟེ་རྒྱ་ནག་གི་དཔུང་འཛུལ་འགོག་ཐབས་སུ་འབད། རྒྱ་ནག་གིས་ས་ཐིག་༩་འཐེན་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་བརྒྱ་༩༠་ལྷག་རྒྱ་ནག་ལ་གཏོགས་ཞེས་རྩོད་པ་འཕངས། ཨ་མི་རི་ཀས་ཡུཀ་རེན་གྱི་དམག་འཁྲུག་དང་གྷ་ཛའི་དམག་འཁྲུག་ལ་དོ་སྣང་བྱ་དགོས་པས་རྒྱ་ནག་དང་ཧྥི་ལི་ཕིན་གྱི་དམག་འཁྲུག་ཅིག་ལ་གདོང་ལེན་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG